གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༧ རེས་གཟའ་ཟླ་བ། 

༄༅། །ཕྱི་ལོ་༢༠༢༠ ཟླ་ ༩ ཚེས་ ༣ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཝུ་ཧན་ COVID-19 ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ཉི་ཤུ་རྩ་གསུམ་པ་དེ་སྤེལ་ཡོད། 

དེ་ཡང་གསལ་བསྒྲགས་ཞུ་མཁན་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་ངག་དབང་བསྟན་འཛིན་ལགས་དང་ཕྱི་ལུགས་སྨན་པ་བསྟན་འཛིན་རྣམ་གྲོན་ལགས། བོད་ལུགས་སྨན་པ་ཚེ་རིང་མཚམས་གཅོད་ལགས་བཅས་ཡིན།

དང་པོ། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་ངག་དབང་བསྟན་འཛིན་ལགས་ནས་དོན་ཚན་གསུམ་གྱི་ཐོག་མི་མང་ལ་ལམ་སྟོན་དང་རེ་སྐུལ་ཞུས་གནང་ཡོད། དེ་ཡང་ནད་ཡམས་ཁྱབ་གདལ་བཀག་འགོག་གི་ཐབས་ལམ་གསུམ་ཡོད་པ་སྟེ་དང་པོ་ཕྱི་མི་ཕེབས་མཁན་རྣམས་འགོག་དབྱེ་ཟུར་འཇོག་ཁང་དུ་འཇོག་རྒྱུ། གཉིས་པ་དེ་མི་རེ་ངོ་རེ་ནས་སྔོན་འགོག་ཐབས་ལམ་བསྟེན་རྒྱུ། གསུམ་པ་དེ་ནད་པ་དང་དངོས་སུ་འབྲེལ་ཐུག་བྱུང་བའི་མི་རྣམས་ངོས་འཛིན་གྱིས་ཟུར་འཇོག་གནང་རྒྱུ་དེ་ཡིན། ད་ཆ་སྤྱི་ཚོགས་ནང་ནད་ཡམས་ཁྱབ་གདལ་ཆེ་ཆེར་འགྲོ་བའི་དུས་འདིར་ནད་པ་དང་དངོས་སུ་འབྲེལ་ཐུག་བྱུང་བའི་མི་རྣམས་ངོས་འཛིན་བྱ་རྒྱུ་(Contact Tracing) དེ་གལ་ཆེ་ཤོས་ཞིག་ཆགས་ཀྱི་ཡོད། འདི་ག་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་ས་གནས་འཕྲོད་བསྟེན་སྨན་ཁང་གི་འབྲེལ་ཡོད་ལས་བྱེད། ལྷག་པར་ས་གནས་ཛ་དྲག་ཚོགས་ཆུང་གིས་འགན་བཞེས་པའི་ཐོག་ས་གནས་སུ་ནད་པ་ཐོན་པ་རྣམས་ལ་རང་ཉིད་འདས་པའི་ཉིན་ཤས་ནང་སུ་དང་སུ་འབྲེལ་ཐུག་བྱུང་བའི་མིའི་མིང་དང་འབྲེལ་མཐུད་ཁ་པར་ཨང་གྲངས་བཅས་རྩད་གཅོད་བྱེད་བཞིན་ཡོད་པས་དེའི་ཐོག་མི་མང་ངོས་ནས་འཁུར་མཉམ་བཞེས་ཀྱིས་མཐུན་འགྱུར་རྒྱབ་སྐྱོར་གནང་རོགས་ཅེས་ཞུས་གནང་། དེ་ལྟར་རྒྱབ་སྐྱོར་མ་གནང་ཚེ་སྤྱི་ཚོགས་ནང་ནད་ཡམས་ཁྱབ་གདལ་ཆེ་རུ་འགྲོ་རྒྱུའི་ཉེན་ཁ་ཡོད་པས་ཚང་མས་འཕྱར་གྲུ་མཉམ་འདེགས་གནང་དགོས་པའི་རེ་སྐུལ་ཞུས། གཉིས་པ་དེ་ས་གནས་སུ་ནད་གཞི་ཕོག་པའི་ར་འཕྲོད་བྱུང་བའི་མི་རྣམས་ལ་དབྱེ་འབྱེད་བྱ་རྒྱུ་དེ་རེད། དེ་སྔ་ནས་ཞུས་ཡོད་ལ་ད་ལྟའང་མི་མང་དང་ལྷག་པར་འཕྲོད་ལས་པ་ཁག་ཅིག་ལ་ནད་གཞི་ཕོག་དུས་མི་མང་ནས་དབྱེ་འབྱེད་བྱེད་པའི་རྣམ་པ་མངོན་གྱི་འདུག་ཅེས་འབྲེལ་ཡོད་ལས་བྱེད་ཀྱིས་གསུངས་ཀྱི་འདུག་ན་དེ་རིགས་རྩ་བ་ནས་མ་གནང་རོགས། འཕྲོད་ལས་པ་ཡིན་ནའང་རང་ཉིད་ཀྱི་གླ་ཕོག་ཆུང་ངུ་ལ་མ་ལྟོས་པར་རང་རེའི་སྤྱི་ཚོགས་དང་མི་རིགས་ཀྱི་འཕྲོད་བསྟེན་བདེ་རྩའི་ཆེད་ལྷག་བསམ་བཅངས་ནས་ཞབས་འདེགས་བསྒྲུབ་བཞིན་ཡོད་ན་མང་ཚོགས་ནས་དབྱེ་འབྱེད་རིགས་མ་གནང་བའི་རེ་སྐུལ་ཞུ་རྒྱུ་ཡིན། གསུམ་པ་དེ་ནི་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་ནས་ད་ཆ་ཕ་མ་མང་པོ་ཞིག་རང་ཁྱིམ་དུ་ཕྲུ་གུ་རྣམས་དྲ་ཐོག་ནས་སློབ་འཁྲིད་བྱེད་བཞིན་པར་རོགས་པ་བྱེད་བཞིན་ཡོད་པས། ཕྲུ་གུ་མང་པོས་དེའི་གོ་སྐབས་ལེན་ནས་ཁ་པར་ཐོག་ཆུ་ཚོད་མང་པོ་རྩེད་མོ་རྩེད་པ་སོགས་ཕ་མ་དང་ཕྲུག་གུའི་དབར་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་འདུག་ན་དེའི་ཐོག་ཕ་མའི་ངོས་ནས་དུས་ཚོད་བཅད་ནས་ཁ་པར་ཐོག་དུས་ཚོད་གཏོང་ཡས། ཡང་ཕྲུ་གུར་ཉོབ་སྣང་སླེབས་དུས་ཁ་ཟས་རིགས་བཟོ་ཡས། ལྡུམ་རའི་ནང་ཚལ་རིགས་བཏབ་ཡས། གཞན་ཡང་དྲ་རྒྱའི་ཐོག་དབུགས་སྦྱོང་དང་ལུས་སྦྱོང་། སྐད་ཡིག་དང་གཞས་སྣ་སོགས་སློབ་སྦྱོང་འདྲ་མིན་གནང་རྒྱུ་ཡོད་ན་ཕྲུག་གུའི་སློབ་སྦྱོང་ཐོག་སློབ་ཕྲུག་སློབ་གསོ་དང་ལམ་སྟོན་གནང་རྒྱུ་ཤིན་ཏུ་གལ་ཆེ་བ་གསུངས། དེ་སྔ་བོད་ཀྱི་བརྙན་འཕྲིན་བརྒྱུད་ནས་གསལ་བསྒྲགས་གནང་བ་བཞིན་སེམས་ཁམས་འཕྲོད་བསྟེན་ཚན་པའི་ངོས་ནས་མི་མང་ནང་སེམས་ཁམས་དང་འབྲེལ་བའི་དཀའ་ངལ་ཡོད་ཚེ་སློབ་སྟོན་པ་བརྒྱད་བསྐོས་གཞག་གནང་ཡོད་ན་འབྲེལ་ཡོད་ནས་དཀའ་ངལ་ཡོད་ཚེ་འཕྲོད་བསྟེན་ལས་ཁུངས་ཀྱི་དྲ་རྒྱ་དང་། ས་གནས་འགོ་འཛིན་དང་འཕྲོད་བསྟེན་སྨན་ཁང་ནས་ཀྱང་འབྲེལ་ཐུག་ཁ་པར་ལེན་པའི་ཐོག་སེམས་ཁམས་དཀའ་ངལ་ཆུང་ཙག་ནས་སེལ་ཐབས་གནང་རྒྱུ་ཤིན་ཏུ་གལ་ཆེ། སེམས་ཁམས་འཕྲོད་བསྟེན་ཚན་པའི་ངོས་ནས་སེམས་ཁམས་དཀའ་ངལ་ཕྲད་རིགས་ལ་བརྒྱ་ཆ་༥༠ དང་དེ་བཞིན་ཉམས་ཐག་ཡིན་ན་བརྒྱ་ཆ་༡༠༠ རོགས་རམ་གནང་བཞིན་ཡོད་པས་འབྲེལ་བ་གནང་དགོས་པའི་ལམ་སྟོན་གནང་། མཐའ་དོན་ད་ཆ་ནད་ཡམས་ཁྱབ་གདལ་ཆེ་ཆེར་འགྲོ་བའི་དུས་འདིར་མི་མང་འདུ་འཛོམས་ཆེ་ས་དང་། ལྷག་པར་མཚན་ཚོགས་དང་སྐྱེས་སྐར་གཏོང་ཡས་སོགས་འདུ་འཛོམས་རིགས་གནང་མ་དགོས་གཙོ་འདོན་གནང་རོགས། དེ་བཞིན་ཁ་རས་གྱོན་ཡས་སོགས་སྔོན་འགོག་ཐབས་ལམ་རྣམས་སྣང་མེད་དུ་མ་སོང་བར་མུ་མཐུད་ནས་བསྟེན་དགོས་པའི་རེ་སྐུལ་ཞུས་གནང་ཡོད།

གཉིས་པ། ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་སྨན་པ་ཚེ་རིང་མཚམས་གཅོད་ནས་འདས་པའི་བདུན་ཕྲག་ཅིག་གི་ནང་དབུས་དང་ས་གནས་སུ་ནད་ཡམས་སྔོན་འགོག་གི་ལས་དོན་ཇི་སྤེལ་ཐད་དང་པོ་འགོག་དབྱེ་ཟུར་འཇོག་དང་འབྲེལ་འཕྲོད་བསྟེན་ལས་ཁུངས་ཀྱི་གྲངས་ཐོ་ཚན་པའི་སྡེ་ཚན་ནས་གནས་ཚུལ་བསྡུས་ལེན་གནང་བ་གཞིར་བཟུང་བདུན་ཕྲག་འདིའི་ནང་རྒྱ་གར་དང་བལ་ཡུལ་བཅས་ནང་ཁྱོན་བོད་མི་གྲངས་༥༧༡ ཏེ་མི་གྲངས་༢༧༥ རང་ཁྱིམ་དུ་ཟུར་བཀག་ངང་གནས་བཞིན་ཡོད་པ་དང་མི་གྲངས་༢༩༦ བོད་མིའི་སྒྲིག་འཛུགས་ནས་མཐུན་རྐྱེན་སྦྱར་བའི་ཟུར་འཇོག་ཁང་ནང་གནས་བཞིན་ཡོད། དེའི་ནང་ནས་རྡ་ས་ཁུལ་དུ་མི་གྲངས་༢༩ འགོག་དབྱེ་ཟུར་བཀག་ཏུ་བཞུགས་བཞིན་པའི་གནས་སྟངས་ཞུ།

དབུས་དང་ས་གནས་སུ་ནད་རྟགས་ཡོད་མེད་བརྟག་ཞིབ་གནང་ཐད་རྡ་ས་ཁུལ་དུ་ས་གནས་འགོ་འཛིན་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་གཙོས་ཚོགས་སྡེ་སོ་སོས་འགན་འཁུར་བའི་ཐོག་བདུན་ཕྲག་འདིའི་ནང་མི་གྲངས་༡༤༧༢༼སྒྲིག་འཛུགས་ལས་བྱེད་གྲངས་༥༢༤ རྡ་ས་ས་གནས་འགོ་འཛིན་ནས་མི་གྲངས་༤༩༩ བོད་ཀྱི་དཔེ་མཛོད་ཁང་། ༥༥ གནས་ཆུང་གྲ་ཚང་།༨༠ དགའ་གདོང་གྲ་ཚང་།༡༣ གངས་སྐྱིད་ཁུང་ལོ་ན་བགྲེས་པ་སོགས་ཉེན་ཚབས་ཆེ་བའི་མི་གྲངས་༧༣ གངས་སྐྱིད་རྒྱལ་སྒོ་ནས་ནང་འཛུལ་ཕྱི་མི་གྲངས་༣༧༣༽ ལ་ནད་རྟགས་ཡོད་མེད་ཚོགས་སྡེ་སོ་སོས་འགན་འཁུར་གནང་བའི་ཐོག་བརྟག་ཞིབ་གནང་ཡོད་ལ་དེའི་ནང་དམིགས་བསལ་ནད་རྟགས་ཐོན་པ་སུའང་བྱུང་མེད། གཞན་ཡང་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ས་གནས་གྲངས་༣༤ དང་བལ་ཡུལ་ནང་ས་གནས་གྲངས་༣ བཅས་ནང་ཁྱོན་མི་གྲངས་༧༡༣༩ ལ་ (ལོ་ན་༦༠ ཡན་མི་གྲངས་ – ༥༤༡༤ ཉེན་ཚབས་ཆེ་བ་མི་གྲངས་ – ༡༧༢༥) ས་གནས་འབྲེལ་ཡོད་ལས་བྱེད་ཀྱིས་ཞལ་པར་བརྒྱུད་ནད་རྟགས་ཡོད་མེད་ཞིབ་རྩད་གནང་ཐུབ་པ་བྱུང་ཡོད། གཞན་ཡང་ས་གནས་ཁག་ལ་ནད་ཡམས་ཁྱབ་གདལ་སྔོན་འགོག་ཆེད་ལས་དོན་སྤེལ་བའི་ཁོངས་སུ། ས་གནས་ཕལ་མོ་ཆེར་བདུན་ཕྲག་རེའི་ནང་གཞིས་ཆགས་ཕྱི་ནང་དང་མི་མང་འདུ་འཛོམས་ཆེ་སར་དུག་སེལ་མུ་མཐུད་གནང་བཞིན་ཡོད།

དེ་སྔ་ཕྱི་ཟླ་༣ པའི་ཟླ་མཇུག་ནས་འགོ་འཛུགས་ཀྱིས་ད་བར་གསོ་རིག་ལུས་སེམས་ནུས་གསོའི་གསོལ་སྨན་གྲངས་༡༦༤༠༣ ༼འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་༡༦༥༠ ལོ་ན་༦༥ ཡན་བོད་མི་གྲངས་༩༦༣༧ སྨན་ཞབས་སོགས་མདུན་ལ་ཕྱག་ལས་གནང་མཁན་མི་གྲངས་༡༠༥༢ བླ་གཉན་ནད་གཞི་ཡོད་པ་མི་གྲངས་༡༥༣༣ དང་ཕྱི་རྒྱལ་ཁག་ལ་གསོལ་སྨན་གྲངས་༢༥༣༡༽ རིན་མེད་བགོས་འགྲེམས་ཐུབ་པ་བྱུང་ཡོད། དེ་བཞིན་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བོད་མིའི་གཞིས་ཆགས་གྲངས་༢༠ ནང་འགོག་དབྱེ་ཟུར་འཇོག་ཏུ་བཞུགས་མཁན་མི་གྲངས་༡༨༦ ལ་ཞལ་པར་ཐོག་འབྲེལ་བ་གནང་ནས་གནས་སྟངས་རྒྱུད་ལོན་དང་སློབ་གསོ་ལམ་སྟོན་གནང་ཡོད། འདས་པའི་བདུན་ཕྲག་ཁ་ཤས་ནང་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་གཙོས་ལོ་ན་བགྲེས་པ་དང་བུད་མེད་ན་གཞོན་ཁག་ཅིག་ལ་དམིགས་བསལ་འབྲེལ་བ་ཞུས་ཡོད། དེ་བཞིན་ནད་གཞི་ཕོག་པའི་མི་རྣམས་ལ་ཁ་པར་བརྒྱུད་འབྲེལ་བ་གནང་ཐུབ་པ་བྱུང་ཡོད།

ད་ཆ་འཛམ་གླིང་ཁྱོན་ཡོངས་ལ་མི་ས་ཡ་༢༥ (25 602 665) ལྷག་ལ་ནད་གཞི་ཕོག་ཡོད་པ་དང་མི་གྲངས་འབུམ་༨(852 758) ལྷག་ནད་གཞི་འདིིའི་རྐྱེན་པས་འདས་གྲོངས་སུ་ཕྱིན་ཡོད། རྒྱ་གར་ནང་ད་བར་ཁྱོན་མི་གྲངས་འབུམ་༣༨ ལྷག་ལ་ནད་གཞི་ཕོག་ཅིང་མི་གྲངས་ཁྲི་༦༼༦༧༣༧༦༽ ལྷག་རྐྱེན་འདས་སུ་སོང་ཡོད་པ་དང་ད་ཆ་མི་གྲངས་འབུམ་༨ ༼༨༡༥༥༣༨༽ལྷག་ནད་མནར་བཞིན་པ་དང་ཉིན་རེར་མི་གྲངས་སྟོང་ཕྲག་༧༠ ལྷག་ནད་པ་གསར་པ་བྱུང་བཞིན་པའི་ཛ་དྲག་གནས་སྟངས་ཆགས་ཡོད། ནད་པ་བརྟག་དཔྱད་དང་འབྲེལ་རྒྱ་གར་ནང་ད་བར་ཁྱོན་མི་གྲངས་ས་ཡ་༤༥ ༼༤༥༥༠༩༣༨༠༽ ལ་ནད་གཟི་ཕོག་ཡོད་མེད་བརྟག་དཔྱད་བྱས་ཅིང་། འདས་པའི་ཉིན་གྲངས་གཅིག་ནང་ཁྱོན་མི་གྲངས་འབུམ་༡༡ ༼༡༡༧༢༡༧༩༽ལ་བརྟག་དཔྱད་གནང་བ་བྱུང་འདུག

བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གནས་སྟངས་ཇི་ཆགས་ཐད་ངོ་སྤྲོད་ཞུ་རྒྱུར། འདས་པའི་བདུན་ཕྲག་ཅིག་གི་ནང་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཏུ་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་༩ བྱུང་ཡོད། ཞིབ་ཕྲ་ནི་བོད་མིའི་གཞིས་ཆགས་མེན་པཱཊ་ཕན་བདེ་གླིང་ནས་མི་གྲངས་༡ ༼བུད་མེད་རང་ལོ་༥༢༽ ཁོང་མོར་ཚ་བ་འཕར་བ་སོགས་ནད་རྟགས་ཅུང་མངོན། ད་ཆ་ཁྱིམ་དུ་ཟུར་བཀག་ཐོག་གནས་བཞིན་པ། དེ་ནས་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་ནས་མི་གྲངས་༢ ༼བུད་མེད་རང་ལོ་༤༠ དང་ཁོང་མོའི་བུ་ཆུང་ཟླ་༥ སོན་པ།༽ གཉིས་ཀར་དམིགས་བསལ་ནད་རྟགས་མེད་ལ་ད་ཆ་སྒྲིག་འཛུགས་ནས་མཐུན་འགྱུར་སྦྱར་བའི་ཀོ་ཝིཌ་གཅེས་སྐྱོང་ཁང་ Covid Care facility དུ་ཟུར་བཀག་གསོ་བཅོས་བྱེད་བཞིན་པ། དེ་ནས་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ནས་མི་གྲངས་༣༼བུད་མེད་རང་ལོ་༧༥ རང་ལོ་༢༣ སྐྱེས་པ་རང་ལོ་༢༩༽ ཁོང་གསུམ་ཀར་ནད་རྟགས་ཅུང་ཡོད་པ་དང་། ད་ཆ་ས་གནས་ཀྱི་ Mahabodhi Covid Care Centre) ནང་གསོ་བཅོས་བྱེད་བཞིན་པའི་གནས་སྟངས། དེ་ནས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ནས་མི་གྲངས་༣ ༼སྐྱེས་པ་རང་ལོ་༣༠ རང་ལོ་༣༥ རང་ལོ་༣༧༽ ཁོང་གསུམ་ཀར་དམིགས་བསལ་ནད་རྟགས་མེད་ལ་ད་ཆ་ས་གནས་སུ་སྒྲིག་འཛུགས་ནས་མཐུན་འགྱུར་སྦྱར་བའི་ཀོ་ཝིཌ་གཅེས་སྐྱོང་ཁང་ Covid Care Facility  ནང་གསོ་བཅོས་བྱེད་བཞིན་པའི་གནས་སྟངས་ཞུ།

བློ་ཕམ་གྱི་གནས་ཚུལ་ཞུ་རྒྱུར། འདས་པའི་བདུན་ཕྲག་ནང་ལ་དྭགས་ཁུལ་ནས་ནད་མནར་ནད་པ་གཉིས་༼སྐྱེས་པ་རང་ལོ་༨༤ དང་རང་ལོ་༩༥༽ འདས་གྲོངས་སུ་ཕྱིན་ཡོད་པ་དང་ཕྱི་རྒྱལ་ནས་བྱང་ཨ་རི་སྐུ་ཚབ་དོན་གཅོད་ནས་གནས་ཚུལ་འབྱོར་གསལ་ཨ་རིའི་ཡུ་ཊཱ་མངའ་སྡེ་ནས་བོད་མི་གཅིག་༼སྐྱེས་པ་རང་ལོ་༦༧༽འདས་གྲོངས་སུ་ཕྱིན།

ཁྱོན་བསྡོམས་ད་བར་རྒྱ་གར་དང་བལ་ཡུལ་ནང་ཁྱོན་བོད་མི་གྲངས་ ༡༤༧ ལ་ནད་གཞི་ཕོག་པ་ར་ཕྲོད་བྱུང་ཞིང་མི་གྲངས་༥ ཚེ་འདས་གྲོངས་ཕྱིན་པ་དང་། མི་གྲངས་༨༩ དྲག་སྐྱེད་བྱུང་ཡོད་པ་ཅིང་། ད་ཆ་མི་གྲངས་༥༣ ནད་མནར་བཞིན་པའི་གནས་སྟངས་ཞུ།

ནད་གཞི་ཕོག་པའི་མི་རྣམས་ལ་ས་གནས་འཕྲོད་བསྟེན་ཚོགས་ཆུང་ནས་གསོ་རིག་གསོ་བཅོས་སྨན་ཕུལ་ཡས་དང་དེ་བཞིན་འདི་ག་འཕྲོད་བསྟེན་ལས་ཁུངས་ཀྱི་སེམས་ཁམས་འཕྲོད་བསྟེན་ཆེད་ལས་པའི་ངོས་ནས་གནས་སྟངས་བརྒྱུད་ལོན་དང་སློབ་གསོ་ལམ་སྟོན་དགོས་ངེས་ལ་སློབ་གསོ་ལམ་སྟོན་གནང་ཐུབ་པ་བྱུང་།

གསུམ་པ། མི་མང་ལ་ཐུགས་སྣང་ལམ་སྟོན་ཚུལ་དུ་ཞུ་རྒྱུར།

ཟླ་༨ ཚེས་༢༩ ཉིན་རྒྱ་གར་དབུས་གཞུང་ནས་སྒོ་རྒྱ་རིམ་པ་བཞི་པ་ཕྱེ་བའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ཡིག་ཆ་གཤམ་གྱི་དྲ་ཐག་ནས་གཟིགས་ཀློག་ཐུབ། <https://static.mygov.in/rest/s3fs-public/mygov_159876222651307401.pdf>

བདུན་ཕྲག་འདིའི་ནང་མི་མང་ལ་གཙོ་བོ་ཞུ་རྒྱུ་གཙོ་བོ་དེ་ད་ཆ་བོད་པའི་སྤྱི་ཚོགས་ནང་ནད་གཞི་ཕོག་པ་རིམ་པ་བྱུང་ཡོད་དུས་ནད་གཞི་ཕོག་པ་རྣམས་ནས་རང་ཉིད་འདས་པའི་ཉིན་གྲངས་ཁ་ཤས་ནང་སུ་དང་སུ་ལ་འབྲེལ་བ་བྱུང་ཡོད་མེད་ཁ་གསལ་བཤད་པའི་ཐོག་འབྲེལ་ཐུག་མི་རྣམས་ཀྱང་སྤྱི་ཚོགས་ཀྱི་འགན་འཁྱེར་བའི་ཐོག་རང་ཉིད་ཉིན་གྲངས་༡༤ རིང་ཁྱིམ་དུ་ཟུར་བཀག་ཐོག་བཞུགས་དགོས་གལ་ཆེ། བོད་ཀྱི་གསོ་བ་རིག་པའི་གཞུང་ལས་བྱ་བ་སྤྱོད་ལམ་གྱི་གནས་དེ་གལ་ཆེན་པོ་བརྩིས་པའི་ཐོག་སྡོད་ན་ས་བརྟག་འགྲོ་ན་ལམ་བརྟག་ཅིང་། ཞེས་གསུངས་པ་ལྟར་སོ་སོ་བསྐྱོད་སའི་ཡུལ་དེའི་གནས་སྟངས་གང་འདྲ་རེད་འདུག་ཆ་ཚང་བརྟག་དཔྱད་བྱེད་པའི་ཐོག་གནང་དགོས་གལ་ཆེ། ཡང་སྒོ་རྒྱ་རིམ་པ་བཞི་ཕྱེ་བ་ལས་མི་རྣམས་མངའ་སྡེ་གཅིག་ནས་གཅིག་ལ་འགྲུལ་བཞུད་མང་པོ་བྱེད་ངེས་ལ་སོང་རང་ཉིད་ངོས་ནས་གལ་ཆེ་དོན་ཆེན་ཡིན་ན་མ་གཏོགས་ཕྱིེར་བསྐྱོད་མི་དགོས་གཙོ་འདོན་གནང་རྒྱུ་དང་། དེ་བཞིན་སྐྱེས་སྐར་དང་མཚན་ཚོགས་སོགས་མི་འདུ་འཛོམས་ཆེ་སར་བསྐྱོད་མི་དགོས་འཛེམ་ཟོན་གནང་རྒྱུ་གལ་ཆེ། མདོ་དོན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནས་3CsClosed spaces, Crowded places, Closed-contact settings ཞེས་ཁང་པ་བུབ་སུག་དོགས་པོ་སྒོ་སྒེའུ་ཁུང་ཆ་ཚང་རྒྱབ་པ་དེ་འདྲ། ཁྲོམ་ལ་སོགས་མི་མང་འདུ་འཛོམས་ཆེ་ས། དེ་བཞིན་ནད་གཞི་ཕོག་པ་དང་ཐད་ཀར་འབྲེལ་ཐུག་བྱུང་བ་རྣམས་རྩད་གཅོད་ཀྱིས་ཟུར་བཀག་གནང་རྒྱུ་དེ་དག་ནི་ནད་ཡམས་ཁྱབ་གདལ་བཀག་འགོག་གི་ཐབས་ལམ་གལ་ཆེ་ཞིག་ཡིན་པས་གཞུང་སྒེར་ཚང་མས་འཁུར་མཉམ་ལེན་གྱིས་ནད་ཡམས་ཁྱབ་གདལ་བཀག་འགོག་ཐོག་འབད་བརྩོན་གནང་དགོས་པའི་རེ་སྐུལ་ཞུ་རྒྱུ།

དེ་ནས་ཕྱི་ལུགས་སྨན་པ་བསྟན་འཛིན་རྣམ་གྲོན་ལགས་ནས་མི་མང་ལ་རེ་སྐུལ་ཞུ་རྒྱུར། དེ་སྔ་ནས་ཞུས་པ་ལྟར་ད་ལྟའི་ནད་ཡམས་འདི་མི་ལོ་ན་བགྲེས་པ་རྣམས་ལ་ཉེན་ཚབས་ཆེ་བ་ཡོད་པས་ཉེ་ཆར་ལ་དྭགས་ཁུལ་དུ་བོད་མི་རྒན་བགྲེས་མང་པོར་ནད་གཞི་ཕོག་པའི་གནས་ཚུལ་བྱུང་ཡོད་ན་འབྲེལ་ཡོད་དོ་དམ་འགན་འཛིན་རྣམས་ལ་སྔར་ལྷག་གཟིགས་རྟོགས་གནང་དགོས་པ་དང་། བྱུང་ན་གནས་སྐབས་སྔ་དགོས་ཞལ་འདོན་དང་། དེ་བཞིན་ཞལ་ལག་མཆོད་སྐབས་ཐུགས་སྣང་། ལྷག་པར་རྒས་གསོ་ཁང་དུ་ཕྱི་མི་ཕེབས་མི་ཆོག་པ། ཡང་ནང་གི་ལས་བྱེད་རྣམས་ཀྱང་ཕྱིར་ཕེབས་མི་དགོས་པ་གཙོ་འདོན་གནང་རྒྱུ། རྒས་བགྲེས་རྣམས་ལ་ནད་ཡམས་ཁྱབ་གདལ་འགྲོ་སྟངས་ཐོག་ངོ་སྤྲོད་གནང་རྒྱུ་སོགས་ཤིན་ཏུ་གལ་ཆེ་བས་འགན་འཛིན་རྣམ་པས་དེ་ལྟར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ་རྒྱུ། རྒས་གསོ་ཁང་ལྟ་བུ་ཡིན་ན་ས་ཆ་ཆུང་ཆུང་ཞིག་ནང་མི་མང་པོ་མཉམ་སྡོད་མཉམ་ཟ་བྱེད་པའི་གནས་སྟངས་ཡིན་པ་དང་། དེ་བཞིིན་དགོན་སྡེ་གྲ་ཚང་སོགས་ལའང་དེ་བཞིན་ཉེན་ཁ་ཡོད་པས་ཚང་མ་གཟབ་གཟབ་གནང་དགོས། གོང་དུ་ངག་དབང་ལགས་ནས་གསུངས་པ་ལྟར་ནད་ཡམས་ཁྱབ་གདལ་བཀག་འགོག་ཆེད་ནད་གཞི་ཕོག་པ་རྣམས་དང་ཐད་ཀར་འབྲེལ་བ་བྱུང་བ་རྣམས་རྩད་གཅོད་ཐུབ་པ་རྒྱུད་ཟུར་བཀག་གནང་རྒྱུ་དེ་གལ་ཆེན་པོ་ཡིན། བོད་མིའི་སྤྱོ་ཚོགས་ནང་ནད་པ་དང་ཐད་ཀར་འབྲེལ་བ་བྱུང་བ་རྣམས་ནས་རྒྱབ་སྐྱོར་མ་གནང་བར་རང་ཉིད་ཟུར་བཀག་ཏུ་མ་བཞུགས་ནས་གང་བྱུང་ཕྱིན་པ་ཡིན་ན་དེས་མི་གཞན་ན་ནད་གཞི་འགོས་ཉེན་དང་སྤྱི་ཚོགས་ནང་ལ་ནད་ཡམས་ཁྱབ་གདལ་འགྲོ་ངེས་ལ་རྟེན་ཚང་མས་རྒྱབ་སྐྱོར་དང་འཁུར་མཉམ་ལེན་གནང་རོགས་ཅེས་རེ་སྐུལ་ཞུ་རྒྱུ། མཐའ་དོན་ཚོགས་ཆུང་ནས་ལམ་སྟོན་ཞུས་དང་ཞུ་མུས་ལྟར་ཁ་རས་གྱོན་རྒྱུ། མི་དང་མིའི་དབར་རྒྱང་ཐག་འཇོག་རྒྱུ། ལག་པ་ཡང་སེ་འཁྲུ་རྒྱུ་སོགས་སྔོན་འགོག་གི་ཐབས་ལམ་རྣམས་མུ་མཐུད་ནས་བསྟེན་དགོས་པ་ཡང་ནས་ཡང་དུ་རེ་སྐུལ་ཞུ་རྒྱུ་བཅས་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་༢༣ པ་དེ་མཇུག་སྒྲིལ་གནང་ཡོད།།