ཟླ་བ་ ༩ ཚེས ༡༡ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༡ རེས་གཟའ་པ་སངས།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༡ རེས་གཟའ་པ་སངས་ཉིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པས་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་དཔྱད་རྩོམ་ཕྱོགས་བསྡུས་ Lockdown Ruminations,Reflections on Tibet in the time of COVID-19 pandemic  ཞེས་པའི་དཔེ་དེབ་དབུ་འབྱེད་གནང་ཡོད། 

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཙམ་ལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཚོགས་ཁང་དུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་། འགན་འཛིན་གཞོན་པ་བསྟན་འཛིན་ལེགས་བཤད་ལགས། ཉམས་ཞིབ་པ་རྣམ་པ། ཕྱི་ནང་གི་གསར་འགོད་པ་བཅས་ལྷན་འཛོམས་ཀྱི་ཐོག་མར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་དཔེ་དེབ་དབུ་འབྱེད་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་འཚམས་འདྲི་དང་འབྲེལ་གསུང་བཤད་གནང་དོན། ཏོག་དབྱིབས་གཉན་རིམས་མུ་མཐུད་ཁྱབ་བརྡལ་འགྲོ་བཞིན་ཡོད། ཏོག་དབྱིབས་གཉན་རིམས་ལ་བརྟེན་ནས་རྒྱལ་སྤྱི་དང་རྒྱ་ནག་ནང་དཀའ་ངལ་ཧ་ཅང་འཕྲད་བཞིན་ཡོད་ནའང་རྒྱ་ནག་གཞུང་ནས་དེའོ་ཐོག་གདོང་ལེན་དང་སྤྱོད་པ་སྟོན་སྟངས་འདྲ་མིན་སྣ་ཚོགས་བྱུང་ཡོད།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་རྣམས་ནས་བོད་དང་རྒྱ་ནག རྒྱལ་སྤྱི་སོགས་ཀྱི་གནས་སྟངས་ཐོག་ཞིབ་འཇུག་བྱེད་བཞིན་ཡོད། ད་ལྟའི་ཛ་དྲག་གི་དུས་སྐབས་འདིར་བོད་དང་ཏོག་དབྱིབས་གཉན་རིམས་གཉིས་འབྲེལ་བ་ཇི་ལྟར་ཆགས་ཀྱི་འདུག འཛམ་གླིང་འགྱུར་ལྡོག་ཤུགས་ཆེ་འགྲོ་བཞིན་པའི་སྐབས་འདིར་ཁེ་ཕན་ཇི་ལྟར་ལེན་དགོས་ཀྱི་འདུག དེ་དག་གི་སྐོར་དཔྱད་ཞིབ་བྱེད་ན་ཞེས་གོ་བསྡུར་བྱུང་བ་ལྟར་ཉམས་ཞིབ་པ་རྣམས་ནས་དཔྱད་རྩོམ་བྲིས་གནང་བ་དེ་ལ་ངས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཏོག་དབྱིབས་གཉན་རིམས་ལ་བརྟེན་ནས་ཞི་ཅིན་ཕིང་གི་འགོ་ཁྲིད་ཀྱི་གནས་བབ་དང་ནུས་པ། འཇོན་ཐང་བཅས་ལ་མཛུབ་མོ་འཛུགས་རྒྱུ་དང་། བརྩི་བཀུར་བྱེད་རྒྱུ། དོགས་ཟོན་བྱེད་རྒྱུ་བཅས་གནས་སྟངས་མང་པོ་ཆགས་ཡོད་པ་དེ་དག་ཇི་ལྟར་ཆགས་པ་ཧ་གོ་དགོས་རྒྱུ་གལ་ཆེན་པོ་རེད།

རྒྱ་ནག་ནང་སྨྲ་བརྗོད་དང་འགྲུལ་བཞུད་སོགས་ཀྱི་རང་དབང་ཡོད་མེད། ཏོག་དབྱིབས་གཉན་རིམས་བརྒྱུད་ནས་རྒྱལ་སྤྱིའི་ཐོག་ཧ་ཅང་གསལ་པོ་ཆགས་ཡོད། ཏོག་དབྱིབས་གཉན་རིམས་འདི་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་བརྡལ་བྱུང་བ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་གནས་ཚུལ་ཁག་སྦས་གསང་བྱས་པ་མ་ཟད། ནད་ཡམས་འདི་བཅོས་ཐབས་མ་བྱེད་པར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་དང་མཉམ་རུབ་ཐོག་གནས་ཚུལ་སྦས་གསང་བྱས་ནས་འཛམ་གླིང་ཡོངས་ལ་དཀའ་ངལ་སྤྲད་པ་རེད། ལྷག་པར་ནད་ཡམས་འདི་ཨ་རི་དང་། ཨི་ཌ་ལི། ཁ་ཛ་ཁི་སི་ཐན་ནས་ཁྱབ་བརྡལ་བྱུང་བ་རེད་ཅེས་བརྗོད་ཡོད་ཀྱང་ཁུངས་མ་འཁྱོལ་སྟབས། ཨ་ཕི་རི་ཀ་ནས་བྱུང་བ་རེད་ཅེས་བཤད་ཡོད།

ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་སྐྱོན་བརྗོད་བྱུང་བར་བརྟེན་དེ་དག་ལས་གཡོལ་ཐབས་སུ་འཕགས་བོད་གཉིས་ཀྱི་ས་མཚམས་སུ་རྒྱ་དཀར་ནག་དབར་རྙོག་གྲ་བཟོས་པ་རེད། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་སུ་ཐེ་བྱུས་ཤུགས་ཆེན་པོ་བྱས་ཡོད། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་སུ་དངུལ་གྱི་འགྲོ་གྲོན་མང་པོ་བཏང་ནས་འགོག་ཐབས་བྱས་ཡོད། གཞན་ཡང་ཡུ་རོབ་དང་ཨོ་སི་ཊོ་ལི་ཡ་ནས་ཏོག་དབྱིབས་གཉན་རིམས་སྐོར་སྙན་ཐོ་འབྲི་སྐབས་སྡིག་ར་བསྐུར་ཡོད། ཅེས་སོགས་གསུངས། །