ཟླ་བ་ ༩ ཚེས ༡༠ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༠ རེས་གཟའ་ཕུར་བུ། 

༄༅། །རྒྱ་གར་གྱི་མངའ་སྡེ་བྷི་ཧར་ནང་རྟེན་གཞི་བྱས་པའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ India Tibet Friendship Society གོ་སྒྲིག་འོག་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༨ ཉིན་བོད་ཀྱི་རང་དབང་དང་རྒྱ་གར་གྱི་བདེ་འཇགས་ Tibbat Ki Azadi, Bharat Ki Suraksha ཞེས་པའི་བརྗོད་གཞིའི་ཐོག་དྲ་རྒྱ་བརྒྱུད་བགྲོ་གླེང་ཚོགས་ཡོད་པ་དང་། བགྲོ་གླེང་སྟེང་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་དང་། བྷི་ཧར་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་གཞོན་པ་འབུམ་རམས་པ་ཧ་རིན་ཌར་ཀུ་མར་Dr Harendra Kumar ལགས། ལས་རིམ་གཙོ་སྐྱོང་བ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་སུ་རེནྡྲ་ཀུ་མཱར་ Shri Surendra Kumar ལགས། བི་ཀས་ཨུཔཱ་ད་ཡ་ Vikas Upadhyay ལགས་སོགས་བྷི་ཧར་མངའ་སྡེ་དང་། རྒྱ་གར་ཤར་ཕྱོགས་ཇར་ཁན་ཌི་ Jharkhand མངའ་སྡེ་བཅས་ནས་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་རྒྱ་གར་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ National Convener, Core Group for Tibetan Cause ཚོགས་མི་སོགས་མཉམ་ཞུགས་གནང་ཡོད།

དེ་ཡང་ཐོག་མར་བགྲོ་གླེང་སྟེང་མཉམ་ཞུགས་པ་ཡོངས་ནས་ཉེ་ཆར་འཕགས་བོད་ས་མཚམས་ལ་དྭགས་ཁུལ་དུ་འདས་གྲོངས་སུ་གྱུར་བའི་བོད་པའི་དྭངས་སློབ་དམག་མི་ཉི་མ་བསྟན་འཛིན་ལགས་དང་། དེ་བཞིན་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་མཧཱ་ར་ཤི་ཀྲ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཧིན་བོད་མཛའ་འབྲེལ་ཚོགས་པར་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཧ་རི་ཤི་ཨཏ་ཡལ་ཀར་ Shri Harish Adyalkar ལགས་དང་ཁོང་གི་བུ་ནི་ཏིན་ཨཏ་ཡལ་ཀར་ Shri Nitin Adyalkar ལགས་བཅས་འདས་གྲོངས་སུ་གྱུར་བ་རྣམས་ལ་མྱ་ངན་གུས་འདུད་ཞུས་ཡོད།

བགྲོ་གླེང་ནང་མཉམ་ཞུགས་པ་རྣམས་ནས་ཁ་གཅིག་གྲག་ཐོག་རྒྱ་གར་གཞུང་གིས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་མི་སེར་གྱི་བླ་ན་མེད་པའི་གཟེངས་རྟགས་བྷ་རཏ་རཏྣ་ Bharat Ratna ཞེས་པ་འབུལ་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་གནང་བ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་ཟུང་འབྲེལ་ཚོགས་འདུའི་ཐོག་གདན་འདྲེན་ཞུས་ཏེ་བཀའ་སློབ་སྩལ་གནང་ཡོང་བའི་གསོལ་འདེབས་ཞུ་དགོས་ཞེས་བསམ་ཚུལ་ཤུགས་ཆེ་བཏོན་ཡོད།

ཕྱི་ལོ་ ༡༩༦༢ ཟླ་ ༡༡ ཚེས་ ༡༤ ཉིན་རྒྱ་གར་གྱི་གྲོས་ཚོགས་ནས་སྤྱི་མོས་ཐོག་གྲོས་ཆོད་བཞག་པ་ལྟར། རྒྱ་གར་གཞུང་གིས་ལངས་ཕྱོགས་བརྟན་པོ་བཟུང་སྟེ་ལ་དྭགས་དང་ཨ་རུ་ན་ཅལ་ས་མཚམས་སུ་ཡོད་པའི་རྒྱ་ནག་གི་བཅིངས་བཀྲོལ་དམག་མི་རྣམས་ཕྱི་ལོ་ ༡༩༥༠ གོང་གི་གནས་སྟངས་འོག་རང་གནས་སུ་ཕྱིར་སློག་བྱེད་དགོས་ཞེས་གསུངས། གཞན་ཡང་མཉམ་ཞུགས་པ་ཡོངས་ནས་ཕྱི་ཟླ་ ༩ ནས་ ༡༠ བར་བྷི་ཧར་མངའ་སྡེའི་གྲོས་ཚོགས་འོས་བསྡུ་ལས་རིམ་འགྲོ་བཞིན་པའི་སྐབས་བྷི་ཧར་ནང་ཡོད་པའི་ཆབ་སྲིད་ཚོགས་པ་ཁག་ལ་བོད་དོན་སྐོར་གོ་རྟོགས་དང་རྒྱབ་སྐྱོར་ཐོབ་ཐབས་སུ་ལས་འགུལ་ཤུགས་ཆེ་སྤེལ་དགོས་པ་སོགས་ཀྱི་སྐོར་གསུངས། །