ཟླ་བ་ ༩ ཚེས ༡༠ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༠ རེས་གཟའ་ཕུར་བུ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༨  རེས་གཟའ་མིག་དམར་ཉིན་གྱི་ཕྱི་དྲོར་ཆུ་ཚོད་ ༥  ཐོག་སྦར་སིལ་སྐུ་ཚབ་དོན་གཅོད་ཁང་ཁྱབ་ཁོངས་པེ་རི་སིའི་འབྲེལ་མཐུད་ཁང་དང་། ཕ་རན་སིའི་གྲོས་ཚོགས་གོང་མ་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཟུང་འབྲེལ་ཐོག་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༥ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་དུས་ཆེན་དེ་བཞིན་ཟླ་བ་གཉིས་ཙམ་ཕྱི་འགྱངས་ཀྱིས་ཕ་རན་སིའི་རྒྱལ་ས་པེ་རི་སི་ནང་ཡོད་པའི་གྲོས་ཚོགས་གོང་མའི་ཚོགས་ཁང་ནང་སྲུང་བརྩི་ཞུས་ཡོད།

དེ་ཡང་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དགུ་བཅུ་གོ་གྲངས་ནས་ཕ་རན་སི་གྲོས་ཚོགས་གོང་འོག་གཉིས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་རེས་མོས་ཀྱིས་གོ་སྒྲིག་འོག་ལོ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་སྲོལ་ཡོད་པ་བཞིན་འདི་ལོར་གྲོས་ཚོགས་འོག་མའི་བོད་དོན་རྒྱབ་སྐྱོར་ཚོགས་པས་གོ་སྒྲིག་གནང་དགོས་ཡོད། འོན་ཀྱང་ཏོག་དབྱིབས་གཉན་རིམས་དང་གྲོས་ཚོགས་འོག་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ནད་མནར་གྱི་རྐྱེན་པས་ད་བར་སྲུང་བརྩི་ཞུ་ཐུབ་མེད་ཀྱང་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མི་ཤེལ་རན་ཟོང་ Michel Raison མཆོག་འདི་ལོར་རྒན་ཡོལ་ཕེབས་གྲབས་ཡོད་པར་བརྟེན་རྒན་ཡོལ་མ་ཕེབས་གོང་དུ་ཁོང་གིས་ཐུགས་ཁུར་ཆེད་བཞེས་གནང་ཏེ་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། སྦར་སིལ་སྐུ་ཚབ་དོན་གཅོད་ཁང་ཁྱབ་ཁོངས་པེ་རི་སིའི་འབྲེལ་མཐུད་ཁང་གཉིས་ཟུང་འབྲེལ་གྱི་གོ་སྒྲིག་འོག་སྲུང་བརྩི་ཞུས་ཡོད་པ་དང་། སྐབས་དེར་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མི་ཤེལ་རན་ཟོང་མཆོག་གིས་གཙོས་གྲོས་ཚོགས་འཐུས་མི་ཁག་གཅིག་དང་། སྐུ་ཞབས་ཇན་ཧྥ་རན་སིས་ Francois Croquette  ལགས། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ་འཐུས་མི་དང་། དོན་གཅོད་ཡན་ལག་ཁང་གི་འབྲེལ་མཐུད་པ་རྣམ་རྒྱལ་བསམ་གྲུབ་ལགས་དང་། བོད་རིགས་ཚོགས་པའི་ཚོགས་གཙོ་གཙོས་པའི་རྒྱུན་ལས་རྣམ་པ་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ་འཐུས་མི་རྣམ་པ་བཅས་ལྷན་ཞུགས་གནང་ཡོད།

སྐུ་ཞབས་མི་ཤེལ་རན་ཟོང་མཆོག་གིས་གཙོ་སྐྱོང་དང་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་དགོས་དོན་སྐོར་གསུང་དོན། ༸གོང་ས་མཆོག་ནི་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་དང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་ཙམ་མ་ཟད། ཕ་རན་སི་མི་མང་གི་ཁྲོད་དུ་ཆེས་གུས་བཀུར་དང་ཆེད་མཐོང་ཞུ་སའི་སྐྱེས་བུ་ཞིག་ཡིན། མགོན་པོ་གང་ཉིད་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུའི་གོ་སྐབས་བྱུང་བ་ནི་ཤིན་ཏུ་སྐལ་པ་བཟང་པོ་ཡིན། ད་བར་འཛམ་གླིང་མི་མང་ལ་བྱམས་བརྩེ་དང་འཚེ་མེད་ཞི་བདེའི་ལམ་སྟོན་གནང་བ་དེ་དག་ཡིད་ལ་བཅངས་ཏེ་བོད་དོན་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་སྐོར་སོགས་གསུང་གནང་།

པེ་རི་སི་འབྲེལ་མཐུད་ལས་ཁུངས་ཀྱི་དྲུང་ཆེ་རྣམ་རྒྱལ་བསམ་གྲུབ་ལགས་ཀྱིས་གྲོས་ཚོགས་གོང་འོག་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡོངས་ལ་ད་བར་བོད་དང་བོད་མིར་འགྱུར་མེད་ཀྱི་རྒྱབ་སྐྱོར་གནང་བ་དང་། ཐེངས་འདིར་འཁྲུངས་སྐར་སྲུང་བརྩི་གོ་སྒྲིག་གནང་བ་བཅས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་ཀྱང་གནང་ཡོད་པ་བཅས། །