ཟླ་བ་ ༩ ཚེས ༡༦ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༦ རེས་གཟའ་ལྷག་པ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༦ ཉིན་གྱི་སྔ་དྲོར་བོད་དོན་རྒྱབ་སྐྱོར་བ་རྙིང་ཤོས་གྲས་དང་། རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཟུར་པ། རྒྱ་གར་གྱི་རིག་གཞུང་ཐོག་མཁས་དབང་གྲགས་ཅན་ཀ་པི་ལ་ཝ་ཏི་སེ་ཡ་ཡན་ Kapila Vatsyayan མཆོག་དགུང་ལོ་ ༩༢ ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རང་ཁྱིམ་དུ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོན་པར། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་ཕུལ་གནང་བའི་ནང་འཁོད་དོན། ཀ་པི་ལ་ཝ་ཏི་སེ་ཡ་ཡན་ Kapila Vatsyayan མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་གནས་ཚུལ་གོ་ཐོས་བྱུང་བས་ཕྲན་རང་ཉིད་ཧ་ཅང་བློ་ཕམ་བྱུང་། ཞེས་དང་།

ཕྱི་ལོ་ ༢༠༡༨ ལོར་ལྡི་ལིར་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་འཚོགས་སྐབས་དམ་པ་ཁོང་ལ་མཇལ་འཕྲད་ཞུས་པ་དྲན་གསོ་དང་སྦྲགས། སྐུ་འཚོ་བཞུགས་རིང་དམ་པ་ཁོང་གིས་བོད་དོན་དང་བོད་མི་རྣམས་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་བའི་བཀའ་དྲིན་དེ། བོད་མི་ཚོས་སྙིང་ལ་བཅིངས་པའི་ཐོག་དུས་ནམ་ཡང་བརྗེད་སྲིད་ཀྱི་མ་རེད། 

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནམ་རྒྱུན་དམ་པ་ཁོང་དང་མཇལ་འཕྲད་མཛད་པའི་སྐབས་ཐུགས་མཉེས་པོའི་ངང་ནས་ཨ་མ་ལགས་ཞེས་འབོད་གནང་གི་ཡོད། དམ་པ་ཁོང་གིས་ཝར་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དང་བོད་ཁང་སོགས་གསར་འཛུགས་སྐབས་རྒྱབ་སྐྱོར་གནང་ཡོད་པ་མ་ཟད། བོད་དོན་ཞུ་གཏུག་སོགས་ཀྱི་ལས་འགུལ་ལའང་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་ཡོད།

དམ་པ་ཁོང་གིས་རྒྱ་གར་གྱི་སྲོལ་རྒྱུན་གླུ་གར་འཁྲབ་གཞུང་དང་། རིག་གཞུང་། ཤེས་ཡོན་སོགས་ཀྱི་ཐད་གཟེངས་སུ་ཐོན་པའི་མཛད་རྗེས་ཆེན་པོ་བཞག་གནང་སྟབས། རྒྱ་གར་གཞུང་གིས་དམ་པ་དེ་ཉིད་ལ་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་གྲས་པདྨ་ཝི་བྷུ་ཤན་ Padma Vibhushan ཞེས་པ་དེ་ཕུལ་ཡོད།།