ཟླ་བ་ ༩ ཚེས ༡༦ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༦ རེས་གཟའ་ལྷག་པ།

༄༅། །རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དབུ་འཁྲིད་རྒན་གྲས་སློབ་དཔོན་ར་གྷུ་ཝན་ཤི་པརཱ་སདྷ་སིངྒ་  Dr. Raghuvansh Prasad Singh མཆོག་དང་། བོད་དོན་རྒྱབ་སྐྱོར་བ་སི་ཝ་མི་ཨགྷ་ནི་ཝེ་ཤི་ Swami Agnivesh མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་གནས་ཚུལ་ཐོན་པར། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་ཕུལ་བའི་ནང་འཁོད་དོན། རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དབུ་འཁྲིད་རྒན་གྲས་སློབ་དཔོན་ར་གྷུ་ཝན་ཤི་པརཱ་སདྷ་སིངྒ་མཆོག་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོས་པར་རྒྱ་གར་མི་མང་བློ་ཕམ་བྱུང་བ་ཙམ་མ་ཟད། འཛམ་གླིང་གང་སར་གནས་པའི་བོད་མི་རྣམས་ཀྱང་ཤིན་ཏུ་ནས་བློ་ཕམ་ཆེན་པོ་བྱུང་།

རྒྱ་གར་ལ་མཚོན་ན་དམ་པ་ཁོང་ནི་སྤྱི་ཚོགས་རིང་ལུགས་པའི་འགོ་ཁྲིད་དང་སྲིད་དོན་གྱི་ལྟ་གྲུབ་ཡོད་མཁན་སྙན་གྲགས་ཅན་ཞིག་ཡིན། བོད་མིར་མཚོན་ན་སྐུ་ཞབས་ཇཱཡཱ་པྲ་ཀཱཤ་ན་ར་ཡན་ Shri.Jai Prakash Narayan མཆོག་གི་ཤུགས་རྐྱེན་འོག་དམ་པ་ཁོང་གིས་བོད་ཀྱི་འཐབ་རྩོད་སླད་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་མཁན་ཞིག་ཡིན། དེ་བཞིན་དམ་པ་ཁོང་གིས་བོད་དོན་སྐོར་རྒྱ་གར་གྲོས་ཚོགས་ནང་གླེང་སློང་ཤུགས་ཆེན་པོ་གནང་ཡོད་པ་མ་ཟད། རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་བོད་དོན་རྒྱབ་སྐྱོར་བའི་ལྷན་ཚོགས་འཚོགས་སྐབས་དམ་པ་དེ་ཉིད་སྐུ་མགྲོན་གཙོ་བོར་ཕེབས་ཡོད། ཅེས་དང་།

གཞན་ཡང་བོད་དོན་རྒྱབ་སྐྱོར་བ་སི་ཝ་མི་ཨགྷ་ནི་ཝེ་ཤི་ Swami Agnivesh མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་གནས་ཚུལ་ཐོན་པར། དཔལ་ལྡན་སྲིང་སྐྱོང་མཆོག་གིས་ཐུགས་གསོ་དང་སྦྲགས། དམ་པ་ཁོང་སྐུ་འཚོ་བཞུགས་སྐབས་དུས་རྒྱུན་དུ་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན། དམ་པ་ཁོང་གིས་ཕྱི་ལོ་ ༢༠༠༨ ལོར་བོད་མི་ཚོར་གདུང་སེམས་མཉམ་སྐྱེ་ཆེད་རྒྱལ་སྤྱིའི་ཨོ་ལོམ་པིཀ་རྩེད་འགྲན་རྒྱ་ནག་ནང་རྩེད་མི་ཆོག་པའི་ལས་འགུལ་ནང་མཉམ་ཞུགས་གནང་བ་མ་ཟད། བོད་མིའི་རང་ལུས་མེར་སྲེག་སྐོར་རྒྱལ་སྤྱིའི་ལས་འགུལ་སྤེལ་སྐབས་སུའང་མཉམ་ཞུགས་གནང་ཡོད།

དམ་པ་ཁོང་གིས་རྒྱ་གར་དང་བོད་དོན་ལ་བཅིངས་པའི་རེ་བ་དང་ཕུགས་འདུན་རྣམས་ཁོང་གི་རྗེས་འབྲང་བ་ཚོས་བསྒྲུབ་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། རླབས་ཆེན་གྱི་བོད་དོན་རྒྱབ་སྐྱོར་བ་གཉིས་སྐུ་ཚེའི་འཕེན་པ་རྫོགས་པར་མྱ་ངན་གུས་འདུད་ཞུ་རྒྱུ་དང་། ཁོང་རྣམ་པའི་མཛད་རྗེས་ཀྱིས་མུ་མཐུད་ང་ཚོར་སེམས་ཤུགས་བསྐྱེད་ངེས་རེད། ཅེས་འཁོད།།