ཟླ་བ་ ༩ ཚེས ༡༤ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༤ རེས་གཟའ་ཟླ་བ།

༄༅། །རྒྱལ་སྤྱིའི་ཁྲོད་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པ་འགན་འཁུར་འཇུག་དགོས་པ་སོགས་ཀྱི་ཞུ་གཏུག་ལས་འགུལ་ཆེད་བོད་མི་ལྔས་སུད་སིའི་གྲོང་ཁྱེར་ཛུ་རིག་ནས་ཞི་བའི་གོམ་བགྲོད་འགོ་བཙུགས་གནང་སྟེ་ཕྱི་ཚེས་ ༡༡ རེས་གཟའ་པ་སངས་ཉིན་སུད་སིའི་རྒྱལ་ས་བྷན་ནང་ཕེབས་འབྱོར་སྐབས་བྷན་བོད་རིགས་སྤྱི་མཐུན་ཚོགས་པས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།

སྐབས་དེར་སུད་སིའི་གྲོས་ཚོགས་འཐུས་མི་དང་ལྗང་ཁུ་ཚོགས་པའི་ཚོགས་གཞོན་ལྕམ་ལི་ས་མ་ཛོན་ Ms Lisa Mazzone མཆོག་གིས་བོད་མི་ལྔས་བོད་དོན་ཆེད་ཞི་བའི་གོམ་བགྲོད་གནང་བར་བསྔགས་བརྗོད་དང་འབྲེལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཆེད་ལས་འགུལ་མུ་མཐུད་སྤེལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། རྒྱ་ནག་གཞུང་གིས་བོད་ས་གཙོ་བོ་གྱུར་བའི་ཤར་ཏུ་ཀིས་ཐན་དང་ཧོང་ཀོང་བཅས་སུ་དྲག་གནོན་ཅན་གྱི་སྲིད་བྱུས་སྤེལ་བཞིན་ཡོད། ཅེས་དང་། ཕྲན་རང་ཉིད་སུད་སིའི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་མི་ཞིག་ཡིན་སྟབས་བོད་མིའི་རང་དབང་ཆེད་ལས་འགུལ་སྤེལ་དགོས་རྒྱུ་གལ་ཆེན་པོ་ཡིན། ང་ཚོས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་སུད་སུའི་བོད་མིའི་ཐོབ་ཐང་ཆེད་ཞུ་གཏུག་གི་ལས་འགུལ་སྤེལ་གྱི་ཡོད། སུད་སིའི་གཞུང་ནས་ཀྱང་རྒྱ་གཞུང་དང་ལྷན་དུ་ཚོང་འབྲེལ་ཁོ་ན་མིན་པར་འགྲོ་བ་མིའི་ཐོབ་ཐང་ཐད་ལ་དོ་སྣང་བྱེད་དགོས། སུད་སིའི་གྲོས་ཚོགས་འཐུས་མིས་དེ་སྔ་ལས་ལྷག་མུ་མཐུད་བོད་དོན་དང་བོད་མིར་རྒྱབ་སྐྱོར་གནང་བཞིན་ཡོད་པར་བོད་མི་རྣམས་ནས་ཀྱང་འཐབ་རྩོད་མུ་མཐུད་རྩོད་རོགས་ཞེས་གསུངས།

དེ་ནས་གོམ་བགྲོད་པས་རྒྱལ་ས་བྷན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་དུ་ཞུ་ཡིག་ཞིག་ཕུལ་ཡོད་པའི་ནང་། རྒྱ་ནག་གཞུང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་གནང་སྟེ་བོད་དོན་བདེན་མཐའ་ཞི་བའི་ལམ་ནས་གསལ་དགོས་ཞེས་དང་།

ད་ཆ་རྒྱལ་སྤྱིའི་ཁྲོད་རྒྱ་གཞུང་གི་དཔལ་འབྱོར་སྟོབས་ཤུགས་ཇེ་ཆེར་འགྲོ་བཞིན་པར་བརྟེན་གོ་ལའི་འགོ་ཁྲིད་བྱ་རྒྱུ་འབད་བརྩོན་བྱེད་བཞིན་ཡོད། འོན་ཀྱང་འགོ་འཁྲིད་ཚད་ལྡན་ཞིག་ཆགས་པར་རྒྱ་ནག་གཞུང་གི་ངོས་ནས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཐོག་ལག་བསྟར་བྱེད་དགོས། གལ་ཏེ་ད་ལྟའང་རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་མུ་ཐུད་སྤེལ་ཚེ་རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་ནང་འགོ་འཁྲིད་ཀྱི་ཁྱད་ཆོས་ཚད་ལྡན་ཞིག་ཚང་གི་མེད། འདས་པའིལོ་ངོ་དྲུག་ཅུ་རིང་རྒྱ་ནག་གཞུང་གིས་བོད་ནང་དྲག་རྩུབ་ཅན་གྱི་སྲིད་བྱུས་སྤེལ་བར་བརྟེན་བོད་མི་དང་བོད་དོན་སླད་རྒྱལ་སྤྱིའི་ཁྱོན་དུ་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་དང་། བོད་མིའི་ངོས་ནས་ཀྱང་རྩ་དོན་ལྔར་ལྷག་མུ་མཐུད་རྩོད་ཀྱི་ཡོད། རྒྱ་བོད་གཉིས་དབར་ཀྱི་དཀའ་རྙོག་གྱི་ཐབས་ལམ་བཟང་ཤོས་ནི། རྒྱ་ནག་གཞུང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་གནང་སྟེ་བོད་ཀྱི་བདེན་མཐའ་གསལ་ཐུབ་པ་བྱེད་དགོས། ཞེས་འཁོད་ཡོད། 

སྤྱིར་ཐེངས་འདིའི་བོད་དོན་ཞི་བའི་གོམ་བགྲོད་འདི་བཞིན་ཕྱི་ཚེས་ ༨ ཉིན་སུད་སིའི་ཛུ་རིག་ནས་འགོ་བཙུགས་ཀྱིས་ཕྱི་ཚེས་ ༡༨ ཉིན་ཇི་ནི་ཝ་རུ་མཇུག་སྒྲིལ་རྒྱུ་ཡིན་འདུག་པ་བཅས། །