ཟླ་བ་ ༨ ཚེས ༡༤ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༤ རེས་གཟའ་པ་སངས། 

༄༅། །འདི་གར་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།  རྒྱ་ནག་གྲོང་འཁྱེར་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་༡༩ འདི་བཞིན་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་གདལ་འགྲོ་བཞིན་ཡོད་སྟབས། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་ནད་ཡམས་འདི་བཞིན་བོད་མིའི་སྤྱི་ཚོགས་ཁྲོད་སྔོན་འགོག་དང་ཁྱབ་གདལ་མི་འགྲོ་སླད། བོད་མིའི་འདུས་སྡོད་ས་གནས་ཁག་ཏུ་ནད་ཡམས་འདི་འགོག་སྲུང་གི་ལས་གཞི་སྣ་མང་སྤེལ་མུས་དང་དུས་མཚུངས་འཕྲོད་ལས་ཀྱི་དེ་སྔ་འགྲོ་བཞིན་པའི་ལས་གཞི་མང་དག་ཅིག་ཀྱང་མུ་མཐུད་མཇུག་སྐྱོང་བྱེད་བཞིན་ཡོད།
ལས་གཞི་དེ་དག་གི་ཁོངས་ནས་ལ་དྭགས་དང་བྱང་ཐང་ཁུལ་དུ་དེ་སྔ་ཆུ་དང་གཙང་འཕྲོད་ WASH ལས་གཞི་རྒྱ་ཆེ་ཞིག་འགྲོ་བཞིན་ཡོད་པ་དེ་ཉེ་སྔོན་ཟླ་ ༥ ཚེས་ ༥ ཉིན་རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ནས་འཛུགས་སྐྲུན་གྱི་ལས་གཞི་མུ་མཐུད་བྱེད་ཆོག་པའི་བཀའ་རྒྱ་ཕེབས་དོན་བཞིན་དེ་གའི་ས་གནས་སུ་ཆུ་དང་གཙང་འཕྲོད་ཀྱི་ལས་གཞི་མུ་མཐུད་མཇུག་སྐྱོང་གནང་བཞིན་ཡོད། ལས་གཞི་འདི་ནི་དེ་གའི་ས་གནས་སུ་རྟེན་གཞི་བྱས་པའི་སླེ་ཟས་བཅུད་ལས་འཆར་ LNP ཞེས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་གི་བརྒྱུད་ནས་སྤེལ་བ་ཞིག་ཆགས་ཡོད། སྤྱིར་སླེ་ཟས་བཅུད་ལས་འཆར་ཞེས་པའི་ཚོགས་པ་འདི་བཞིན་ཁེ་གཉེར་མིན་པའི་ཚོགས་པ་ཞིག་ཆགས་ཡོད་ཅིང་། ཚོགས་པ་འདི་ནི་ལ་དྭགས་ལྟ་བུའི་ས་ཆ་གྲང་ངར་ཆེ་སའི་ཁུལ་ནང་འཐུང་ཆུ་དང་གཙང་འཕྲོད་འབྲེལ་བའི་འཛུགས་སྐྲུན་གྱི་ལས་གཞི་ཐོག་དམིགས་བསལ་ཉམས་མྱོང་ལྡན་པ་ཞིག་ཆགས་ཡོད།

དེར་བརྟེན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་ཚོགས་པ་དེ་དང་མཉམ་འབྲེལ་གྱིས་ལས་གཞི་འདིའི་བརྒྱུད་ལ་དྭགས་ཁུལ་དུ་བོད་མིའི་སྤྱི་ཚོགས་དང་བྱིས་པའི་བདེ་དོན་གོང་འཕེལ་ཞེས་པའི་མིང་བྱང་འོག་ལས་གཞི་ལག་བསྟར་དབུ་འཛུགས་ཞུས་ཡོད། ལས་གཞི་འདི་བཞིན་ལག་བསྟར་བྱེད་ཕྱོགས་ཐད་ལ་སྤྱི་ས་གནས་འགོ་འཛིན་གྱི་ལས་ཁུངས་ནས་འགན་རྐང་བཞེས་ཐོག་བརྒྱ་ཤོག་ཁག་གི་བརྒྱ་དཔོན་དང་བྱང་ཐང་གི་འགོ་ལས་རྣམས་དང་མཉམ་དུ་གྲོས་བསྡུར་གྱིས་ལས་གཞི་ལག་བསྟར་བྱ་རྒྱུ་དང་། ལས་གཞི་འདི་དང་འབྲེལ་བའི་མཐའ་མའི་སྟངས་འཛིན་དང་ལྟ་རྟོགས་གནང་མཁན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཆུ་དང་གཙང་འཕྲོད་ WASH ཀྱི་ཚན་པ་དེ་ཆགས་ཡོད།

གོང་གསལ་ལས་གཞིའི་འོག་ད་བར་ཆུ་འདྲེན་གཏོང་འཁོར་འཕྲུལ་ཆས། སྤྱི་ཁང་ནང་ཉི་འོད་སྲོལ་རྒྱུན་གསང་སྤྱོད། བྱང་ཐང་ལ་ཉི་འོད་ཁྲུས་ཁང་དང་ལག་པ་འཁྲུས་ས་སོགས་ལས་གཞི་བརྒྱ་ཆ་༩༠ ཙམ་དེ་གའི་སློབ་གྲྭ་དང་གྲོང་གསེབ་ཁག་ལ་འཛུགས་སྐྲུན་ཐུབ་པ་བྱུང་ཡོད་ལ་བརྒྱ་ཤོག་སོ་སོའི་ནང་ཆུ་དང་གཙང་འཕྲོད་ཀྱི་ཚོགས་ཆུང་རེ་ཡང་འཛུགས་ཐུབ་པ་བྱུང་ཡོད།
ལ་སྤྱི་ས་གནས་འགོ་འཛིན་ཚེ་བརྟན་དབང་ཕྱུག་ལགས་ནས་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཀྱི་མང་ཚོགས་ཀྱི་ཚབ་ཞུས་ཏེ་འཕྲོད་བསྟེན་ལས་ཁུངས་ནས་ཆུ་དང་གཙང་འཕྲོད་ཀྱི་ལས་གཞི་འདི་རིགས་སྤེལ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད། ཁོང་གིས་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་འདི་བཞིན་ས་ཆའི་བབ་ལ་གཞིགས་ན་མཐའ་མཚམས་ས་ཁུག་ལུང་ཁུག་ཞིག་དང་ལྷག་པར་ས་གནས་སུ་ཆར་ཆུ་དཀོན་པས་ལོ་མང་ནས་ས་གནས་མི་མང་ལ་འཐུང་ཆུ་དཀོན་པ་དང་གཙང་འཕྲོད་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་པ་བརྗོད། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་མཐུན་འགྱུར་འོག་ད་ཆ་འཐུང་ཆུའི་དཀའ་ངལ་བརྒྱ་ཆ་༨༠ དང་གཙང་འཕྲོད་ཀྱི་དཀའ་ངལ་རྒྱ་ཆ་༧༠ ཙམ་སེལ་ཐུབ་པ་བྱུང་ཡོད་པ་གསུངས། ད་ལྟའི་ནད་ཡམས་ཁྱབ་གདལ་གྱི་ཛ་དྲག་དུས་སུ་ཡང་མང་ཚོགས་ལ་ཆུ་གཙང་མ་འཐུང་རྒྱུ་དང་། ལག་པ་གཙང་མ་འཁྲུ་རྒྱུའི་མཚོན་གཙང་འཕྲོད་ཀྱི་གོམས་གཤིས་རྒྱུན་བཟང་བཅང་རྒྱུ་དང་། དེའི་གལ་གནད་སོགས་མང་ཚོགས་དང་སློབ་གྲྭ་ཁག་ནང་འཕྲོད་བསྟེན་སློབ་གསོ་ལམ་སྟོན་གྱི་གོ་རྟོགས་སྤེལ་ཐུབ་པ་བྱུང་ཡོད། །

  •  
  •  
  •  
  •  
  •