ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༡ རེས་གཟའ་མིག་དམར།

 

༄༅། །བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༢༠ ལོ་འདི་བཞིན་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུ་གནང་བ་བཞིན། འདི་ག་ཆོས་རིག་ལས་ཁུངས་ནས་དེ་འབྲེལ་ལས་རིམ་ཁག་ཅིག་སྤེལ་རྒྱུའི་གྲས་སུ། བཙན་བྱོལ་བོད་མིའི་རིས་མེད་དགོན་སྡེ་ཁག་གི་བཤད་གྲྭའམ་སློབ་གྲྭའི་གྲྭ་བཙུན་སློབ་གཉེར་བ་རྣམས་ཀྱི་སྐད་ཡིག་དང་རིག་རྩལ་གྱི་གྲུབ་འབྲས་སྤྱན་འབུལ་སླད། རྩོམ་ཡིག་བསྡུ་བསྐུལ་གྱི་དམིགས་བསལ་ལས་རིམ་ཞིག་སྤེལ་རྒྱུའི་སྒྲོམ་གཞི་གཤམ་གསལ།

དུས་སྒྲོམ། ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༢༠ ནས་ཟླ་ ༡༡ ཚེས་ ༢༠ བར་ཡིན། 

བརྗོད་གཞི། ༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་དུས་རབས་དང་འཚམས་པའི་བསྟན་འགྲོའི་མཛད་ཆེན་ཁྱད་འཕགས་ཇི་བསྐྱངས་དང་། དེ་དག་གི་སྒྲུབ་བྱེད་བཅས་པ་ཚིག་འབྲུ་ ༣༣༠༠ ལས་མི་ཉུང་ཞིང་ཚིག་འབྲུ་ ༡༡༠༠༠ ལས་མི་མང་བ་འབྲི་རྩོམ་དགོས་རྒྱུ།

སློབ་མ། དགོན་པའི་བཤད་གྲྭའམ་སློབ་གྲྭ་འགྲིམ་བཞིན་པའི་གྲྭ་བཙུན་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༢༠ ཉིན་རང་ལོ་ ༡༥ ནས་ ༢༥ བར་ཡིན་དགོས།

བྱ་དགའ། རྩོམ་ཡིག་རྩེ་ཕུད་གསུམ་ལ། ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༠ ཞི་བདེའི་གཟེངས་རྟགས་ཀྱི་གཞུང་འབྲེལ་མཛད་སྒོའི་ཐོག ལག་འཁྱེར་དང་། དཀར་གཙང་མཇལ་དར། བྱ་དགའ་ཨང་དང་པོར་སྒོར་ ༡༠༠༠༠ ཨང་གཉིས་པར་སྒོར་ ༧༠༠༠ ཨང་གསུམ་པར་སྒོར་ ༥༠༠༠ རེ་བཅས་སྩལ་རྒྱུ།

གཟུ་དཔང་། ཆོས་རིག་ལས་ཁུངས་ནས་མཁས་པའི་ཚོགས་ཆུང་ཟུར་འཛུགས་བྱ་རྒྱུ།

ལམ་སྟོན། རྩོམ་ཡིག་ཀམ་པཱུ་ཊར་ནང་འཇུག་འགོད་དང་། ནང་དོན་བརྗོད་བྱ་ཁོ་ན་མིན་པར་རྗོད་བྱེད་ཚིག་སྦྱོར་དང་བརྡ་སྤྲོད་རིག་པའི་འགྲོ་ལུགས་ཁག་ལའང་བལྟ་རྒྱུ། ལོ་རྒྱུས་འགེངས་ཤོག་ཟུར་ཡོད་བཀང་སྟེ་སོ་སོའི་སློབ་སྡེའི་ལས་ཁུངས་ནས་དག་མཆན་ངོས་སྦྱོར་ཞུས་ནས་གཤམ་གསལ་གློག་འཕྲིན་ཁ་བྱང་ཐོག་ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༠ ཕྱི་དྲོ་ཚོུད་ ༥་༠༠ གོང་ཚུད་ཕུལ་འབྱོར་ཟིན་པ་དགོས་རྒྱུ། རྩོམ་ཡིག་ལེགས་གྲས་སུ་བདམས་ཐོན་བྱུང་ཁག་དོ་བདག་ལ་འབྲེལ་བ་ཞུ་རྒྱུ་ཡིན་པ་བཅས། ཆོས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༡ ཉིན་སྤེལ།།

རྩོམ་ཡིག་འབུལ་ཡུལ། [email protected]  འབྲེལ་གཏུགས་ཁ་པར། ༩༨༠༥༤༧༢༡༥༠

Download