ཟླ་བ་ ༨ ཚེས ༡ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡ རེས་གཟའ་སྤེན་པ། 

༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༣༠ དང་ ༣༡ བཅས་ཉིན་གྲངས་གཉིས་རིང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག ཕྱི་ལོ་ ༢༠༢༠ ལོའི་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་མ་དངུལ་གྱི་མཐའ་མའི་འདེམས་སྒྲུག་ཆེད་སྙན་འབུལ་བ་རྣམས་ཀྱི་ངོ་འཕྲད་འདྲི་གླེང་དང་དྲ་ཐོག་འདྲི་གླེང་ལེགས་གྲུབ་བྱུང་ཡོད།

དེ་ཡང་ཕྱི་ཚེས་ ༣༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ཚོགས་མི་བཞི་ལས་གྲུབ་པའི་འདེམས་སྒྲུག་ཚོགས་ཆུང་གིས་རྡ་ས་ཉེ་འཁྲིས་སུ་གནས་སྡོད་སྙན་འབུལ་བ་རྣམས་ལ་ངོ་འཕྲད་འདྲི་གླེང་གནང་ཡོད་པ་དང་། ཕྱི་ཚེས་ ༣༡ ཉིན་ཕྱོགས་མཐའ་ཁག་ཏུ་ཡོད་པའི་སྙན་འབུལ་བ་རྣམས་ལ་དྲ་རྒྱའི་བརྒྱུད་དྲི་བ་དྲིས་ལན་གནང་།

ཐེངས་འདིར་སྙན་འབུལ་བ་ཁྱོན་བསྡོམས་མི་གྲངས་ ༢༩ ཡོད་པ་ནས་ ༢༧ མཐའ་མའི་འདེམས་སྒྲུག་ནང་སླེབས་ཐུབ་ཡོད། ཁོང་རྣམས་ནས་ཉམས་ཞིབ་དང་། བོད་ཡིག་ཐོག་ཞིབ་འཇུག་གི་ཐབས་ལམ་སྒྱུར་སྒྲིག རི་མོའི་ལམ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ཁག་དེབ་གཟུགས་པར་སྐྲུན། བྱིས་སྒྲུང་བསྒྱུར་བཟོ། བོད་ཀྱི་ཟློས་གར་དང་འབྲེལ་བའི་གློག་བརྙན་བཟོ་སྐྲུན། གནའ་བོའི་གསུང་འབུམ་བསྡུ་སྒྲིག་དང་པར་སྐྲུན། ལྷ་བྲིས་སྒྱུ་རྩལ་གོང་སྤེལ། ཚད་མ་རིག་པའི་བོད་ཨིན་ཤན་སྦྱར་ཚིག་མཛོད་པར་སྐྲུན། ཧི་མ་ལ་ཡའི་ས་ཁུལ་ཁག་ནས་རྙེད་པའི་བཙན་པོ་རིམ་བྱུང་སྐབས་ཀྱི་རྡོ་བརྐོས་ཡི་གེ་གསར་རྙེད་ཕྱོགས་བསྡུས་སོགས་ཀྱི་ལས་འཆར་ཕུལ་ཡོད།

སྤྱིར་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་མ་དངུལ་གྱི་ལས་འཆར་ནི་བོད་ཀྱི་སྲོལ་རྒྱུན་རིག་གཞུང་དང་། དེང་རབས་བོད་ཀྱི་བཟོ་རིག་སྒྱུ་རྩལ་རྒྱུན་འཛིན་དང་གོང་སྤེལ་སླད། བོད་ཀྱི་རིག་གཞུང་དང་། སྐད་ཡིག སྒྱུ་རྩལ་ཁོ་ནའི་ལས་འཆར་ཐོག་ཞབས་འདེགས་ཞུ་མཁན་ནམ་ལས་འཆར་འདྲ་མིན་སྤེལ་མཁན་ཚོགས་སྒེར་ཁག་ལ་རོགས་དངུལ་ཧིན་སྒོར་ཁྲི་ལྔ་ནས་འབུམ་གསུམ་བར་རམ་འདེགས་ཞུ་ཕྱིར་ཡིན་པ་དང་། ལས་གཞི་འདི་བཞིན་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་དང་ཨ་རིའི་རོགས་ཚོགས་ USAID ནས་དཔལ་འབྱོར་མཐུན་འགྱུར་གནང་ཡོད་པ་བཅས། །