ཟླ་བ་ ༧ ཚེས ༣༡ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༣༡ རེས་གཟའ་པ་སངས། 

༄༅། །ཐེ་ཝན་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ལེ་ཏིང་ཧུའི་མཆོག་དགུང་ལོ་ ༩༧ ཐོག་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༣༠ ཉིན་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༣༡ ཉིན་དམ་པ་དེ་ཉིད་ཀྱི་སྐུ་ཟླ་ཚེང་ཝན་ཧུའི་ Tseng Wen-hui མཆོག་གིས་གཙོས་ནང་མི་ལྟོས་བཅས་ཡོངས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་བའི་ནང་འཁོད་དོན། སྐུ་ཉིད་མཆོག་གིས་མཁྱེན་གསལ་ལྟར་ངོས་རང་ཕྱི་ལོ་ ༡༩༩༧ ལོར་ཐེངས་དང་པོ་ཐེ་ཝན་ནང་སྐྱོད་སྐབས། མི་མང་གིས་འོས་འདེམས་གནང་བའི་སྲིད་འཛིན་ལས་ཐོག་སྐུ་ཉིད་ཀྱི་བཟའ་ཟླ་སྐུ་ཞབས་ལེ་ཏིང་ཧུའི་ Mr Lee Teng-hui མཆོག་དང་ལྷན་ཐུག་འཕྲད་བྱུང་བ་མ་ཟད། སླར་ཡང་དམ་པ་དེ་ཉིད་དང་ལྷན་ཐེ་ཝན་ནང་ཞི་བདེའི་གླེང་སྟེགས་སུའང་ཐུག་འཕྲད་བྱུང་།

ངོས་ནས་དམ་པ་དེ་ཉིད་ངོས་རང་སྒེར་གྱི་གྲོགས་པོ་ཞིག་ལ་རྩི་བཞིན་ཡོད། སྐུ་ཞབས་ལེ་ཏིང་ཧུའི་མཆོག་སྐུ་འཚོ་བཞུགས་རིང་ཐེ་ཝན་མང་གཙོ་ཅན་ལ་བསྒྱུར་གནང་སྟེ། དམིགས་བསལ་གྱི་གྲུབ་འབྲས་རླབས་ཆེན་བཞག་ཡོད། དེང་སང་ཐེ་ཝན་ནི་མང་གཙོ་ཡར་ཐོན་ཅན་ཞིག་ཡིན་པ་ཙམ་མ་ཟད། རིག་གཞུང་ཡང་ཕྱུག་པོ་ཡོད། ང་ཚོས་དམ་པ་དེ་ཉིད་ལ་ཆེ་བསྟོད་དང་རྗེས་དྲན་ཞུ་རྒྱུ་ཡག་ཤོས་ནི། དམ་པ་དེ་ཉིད་ཀྱིས་མང་གཙོའི་སླད་དུ་སྙིང་སྟོབས་དང་སེམས་ཤུགས་ཆེན་པོའི་སྒོ་ནས་བློས་བཏང་གིས་ཕྱག་ལས་གནང་བ་དྲན་གསོ་ཞུ་རྒྱུ་དེ་ཡིན་ཞིང་། སྐུ་ཞབས་ལེ་ཏིང་ཧུའི་མཆོག་གིས་བོད་མི་ཚོར་གང་ཐུབ་ཀྱིས་རྒྱབ་སྐྱོར་གནང་ཡོད་པ་མ་ཟད། ཁོང་ནི་བོད་མི་ཚོའི་བློ་མཐུན་གྱི་གྲོགས་པོ་ཞིག་ཀྱང་ཡིན། ཞེས་འཁོད་འདུག །