ཟླ་བ་ ༧ ཚེས ༢༠ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༢༠ རེས་གཟའ་ཟླ་བ། 

༄༅། །ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇོན་ལེ་ཝི་སི་མཆོག་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༩ རེས་གཟའ་ཉི་མའི་ཉིན་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན། ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇོན་ལེ་ཝི་སི་མཆོག་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོས་པར་བློ་ཕམ་ཆེན་པོ་བྱུང་། དམ་པ་ཁོང་ནི་ཨ་རིའི་སྤྱི་དམངས་ཐོབ་ཐང་རྩོད་མཁན་གྱི་འགོ་ཁྲིད་ཙམ་དུ་མ་ཟད། དམ་པ་ཁོང་གི་གཞི་རིམ་དམ་བཅའ་དྲང་བདེན་དང་འཚེ་མེད་ཞི་བའི་ལམ་ལ་བརྟེན་ནས་འཛམ་གླིང་སྤྱི་ཡོངས་ལ་རེ་བ་དང་སེམས་སྐུལ་གྱི་སྒྲོན་མེ་ཞིག་བསྐྲུན་ཡོད།

འཛམ་གླིང་སྟེང་འགྲོ་བ་མི་ས་ཡ་མང་པོས་ཡིད་སྨོན་ཞུ་གི་ཡོད་པ་ལྟར། ངོས་ནས་ཀྱང་མི་རིགས་ནག་པོའི་རང་དབང་དང་འདྲ་མཉམ་འཐབ་རྩོད་པ་སྐུ་ཞབས་མར་ཊིན་ལུ་ཐར་ཀིངྒ་གཞོན་པ་ Martin Luther King Jr དམ་པ་ཁོང་ལ་ཡིད་སྨོན་བྱེད་ཀྱི་ཡོད། ངོས་ཀྱིས་དུས་རྒྱུན་ཞི་བདེ་གོང་འཕེལ་ཐོག་ཤོད་སྐབས། རྒྱ་གར་གྱི་མེས་པོ་དམ་པ་གན་དྷི་དང་ནེལ་སོན་མན་ཌེ་ལ།  མར་ཊིན་ལུ་ཐར་ཀིངྒ་བཅས་ཀྱི་སྐོར་ལུང་འདྲེན་བྱེད་ཀྱི་ཡོད།

ཨི་རིའི་གྲོས་ཚོགས་འཐུས་མི་དམ་པ་སྐུ་ཞབས་ཇོན་ལེ་ཝི་སི་མཆོག་ནི་མི་རིགས་ནག་པོའི་རང་དབང་དང་འདྲ་མཉམ་འཐབ་རྩོད་པ་སྐུ་ཞབས་མར་ཊིན་ལུ་ཐར་ཀིངྒ་མཆོག་ངོ་ཤེས་པ་ཙམ་མ་ཟད། ཁོང་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་གྲས་ཤིག་ཡིན། ངོས་རང་མར་ཊིན་ལུ་ཐར་ཀིངྒ་གཞོན་པ་མཆོག་དང་དངོས་སུ་ཐུག་འཕྲད་བྱུང་མྱོང་མེད་ཀྱང་།  སྐུ་ཞབས་ཇོན་ལེ་ཝི་སི་མཆོག་ཐུག་འཕྲད་སྐབས་མར་ཊིན་ལུ་ཐར་ཀིངྒ་གཞོན་པ་མཆོག་དངོས་སུ་ཐུག་འཕྲད་བྱུང་བ་ལྟར་ཚོར་བ་ཤུགས་ཆེ་བྱུང་།

ཁོང་གིས་རང་དབང་དང་འདྲ་མཉམ། དྲན་བདེན་ཐོག་བཅོས་མིན་གྱི་རྒྱབ་སྐྱོར་ཤུགས་ཆེ་གནང་བར་བརྟེན་ཆབ་སྲིད་ཀྱི་ལྟ་བ་ལངས་ཕྱོགས་གཅིག་པ་མ་ཡིན་པ་ཚོས་ཀྱང་ཁོང་ལ་བརྩི་བཀུར་ཞུ་ཡི་ཡོད།

དམ་པ་ཁོང་གིས་འདས་པའི་ལོ་ངོ་མང་པོའི་རིང་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཧུར་བརྩོན་གནང་བར་བརྟེན་ཨ་རིའི་མི་སེར་མང་པོར་སེམས་འགུལ་ཐེབས་ཡོད། ད་ཆ་དམ་པ་ཁོང་འདས་གྲོངས་སུ་གྱུར་ཡོད་ཀྱང་ཁོང་གི་མཛད་རྗེས་དེས་ཨ་རི་རྒྱལ་ཁབ་དེ་བཞིན་ཡར་རྒྱས་ཀྱི་རྣམ་པ་ཕྱོགས་སུ་བསྐྱོད་རྒྱུར་ཕན་ཐོགས་བྱ་ཐུབ། ཅེས་འཁོད་འདུག །

                                                                                   གསུང་འཕྲིན་ངོ་མ་ཨིན་ཡིག་ཐོག་སྩལ་ཡོད་པས། ཚིག་དོན་ལ་ཧེ་བག་ཡོད་ཚེ་ཨིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།།