ཟླ་བ་ ༧ ཚེས ༡༣ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༣ རེས་གཟའ་ཟླ་བ།

༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ཛ་དྲག་ངལ་སེལ་ཚོགས་ཆུང་ནས་བཏང་གནས་ནང་འཁོད་དོན། རྒྱ་གར་དབུས་དང་ས་གནས་གཞུང་ནས་འགྲུལ་བཞུད་མཐུན་རྐྱེན་ལྷོད་གཡེང་བཏང་རྗེས་གཞིས་མི་ས་ཁུལ་མཚོན་མདོག་དམར་རྟགས་ཅན་ས་གནས་ནས་ཕྱིར་ལོག་མཁན་ཚོར་མངའ་གཞུང་གི་གཏན་འབེབས་གནང་བའི་ཚོགས་བཀག་འགོག་དབྱེ་ཟུར་འཇོག་དུ་འགྲོ་མུས་དང་། ས་ཁུལ་གཞན་ནས་ཕྱིར་འཁོར་བ་ཚོ་སྤྱི་པའི་ཟུར་བཀག་དང་རང་ཁྱིམ་དུ་ཟུར་བཀག་ཆེད་བསྐྱོད་མུས་ཡིན།

སྤྱི་པའི་འགོག་དབྱེ་ཟུར་འཇོག་ཁང་ནང་དགོས་མཁོའི་མཐུན་རྐྱེན་ཁག་ཡོད་ཐོག་འཕྲོད་བསྟེན་ལས་ཁུངས་ཀྱི་མཐུན་འགྱུར་འོག་དུས་གསུམ་གྱི་ཞལ་ལག་མཐུན་འགྱུར་སྦྱར་མུས་ཡིན།  བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ནས་ཏོག་དབྱིབས་གཉན་རིམས་རྐྱེན་པས་སྒོ་རྒྱག་བཀའ་རྒྱའི་ཛ་དྲག་དུས་སྐབས་འདིར་གཞིས་མི་ཉམ་ཐག་འ་ཆད་འུ་ཐུག་དང་། ཁ་ཚ་དགོས་གཏུག་རྣམས་ལ་བཟའ་བཅའི་རིགས་མཐུན་འགྱུར་ཞུ་ཆེད་རོགས་དངུལ་བཀའ་འཁྲོལ་བསྩལ་བ་ལྟར། འདི་གའི་ཁྱབ་ཁོངས་ཁྱིམ་ཚང་ ༡༣ ལ་སྒོར་ ༢༧,༤༧༣ འབབ་ཀྱི་བཟའ་བཅའ་མཐུན་འགྱུར་ཞུས་ཡོད།

གཞན་ཡང་སིམ་ལ་སྤྱི་ཁྱབ་པས་སྣེ་འཁྲིད་འོག་ཚོགས་མི་བདུན་ལས་གྲུབ་པའི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་བསྐོང་ཚོགས་ཀྱིས་མ་འོངས་ལས་དོན་བྱེད་ཕྱོགས་ཐོག་ཇི་དགེའི་སྐོར་བཀའ་བསྡུར་ཞུས་ཡོད། ས་གནས་ཀྱི་འཕྲོད་ལས་མ་གཙོས་དྭང་བླངས་འཕྲོད་ལས་མ་བཅས་ནས་ཁ་འཐོར་མི་མང་རྣམས་ལ་བདུན་རེའི་ནང་ཐེངས་རེར་ཏོག་དབྱིབས་གཉན་རིམས་ནད་རྟགས་ཡོད་མེད་བརྟག་དཔྱད་ Active Screening Test  གནང་མུས་ཡིན་པས་ད་བར་ས་གནས་སུ་ནད་རྟགས་ཐོན་པ་གཅིག་ཀྱང་བྱུང་མེད།

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་བཀའ་འཁྲོལ་མཐུན་འགྱུར་འོག་ས་གནས་སུ་ཏོག་དབྱིབས་གཉན་རིམས་སྔོན་འགོག་གི་ཉེན་སྲུང་ཡོ་ཆས་ཁག་མཁོ་སྒྲུབ་ཟིན་པ་དང་། དེ་བཞིན་ས་གནས་སུ་དུག་སེལ་རྫས་ཆུ་དང་། རྫས་ཆུ་གཏོར་ཆས་བཅས་ཉོ་སྒྲུབ་ཀྱིས་ཁྱབ་ཁོངས་ཁ་འཐོར་ས་གནས་སོ་སོའི་ནང་དུག་སེལ་ལས་འགུལ་སྤེལ་ཡོད། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ཏོག་དབྱིབས་ནད་ཡམས་རྐྱེན་པས་ཁ་འཐོར་མི་མང་ཁྲོད་ནས་ལས་ཀ་ཤོར་བ་དང་ཁང་གླའི་དཀའ་ངལ་ཡོད་རིགས་ལ་ད་རེས་ཐེངས་གཅིག་རིང་ངལ་སེལ་གུན་སྐྱོབ་གནང་རྒྱུ་ལས་གཞིའི་ཁོངས་ཁྱབ་ཁོངས་ཁ་འཐོར་མི་གྲངས་ ༡༦ ལ་ངལ་སེལ་སྒོར་ ༥,༠༠༠ རེར་བསྡོམས་སྒོར་ ༨༠,༠༠༠ ཁུངས་འགྲེམས་ཞུས་ཡོད་པ་བཅས། །