ཟླ་བ་ ༧ ཚེས ༣༠ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༣༠ རེས་གཟའ་ཕུར་བུ། 

 

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༣༠ ཉིན་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ལོ་ ༢༠༢༠ ནས་ ༢༠༢༡ ལོའི་རྩིས་ཁྲར་རྩིས་ཞིབ་བྱེད་པོའི་ཚོགས་ཆུང་གི་ཕྱག་ལས་དབུ་འཛུགས་གནང་ཡོད།   དེ་ཡང་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་དོན་ཚན་ ༡༠ པའི་ནང་གསེས་ ༢ པའི་དགོངས་དོན། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཁྲར་རྩིས་ཞིབ་བྱེད་པོའི་ཚོགས་ཆུང་གི་མི་འགྲོར། ༡) སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་། ༢) བཀའ་དྲུང་ཡིག་ཚང་གི་དྲུང་གཞོན་བསོད་ནམས་དཔལ་སྒྲོན་ལགས། ༣) ཆོས་རིག་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་སྒྲོལ་དཀར་ལགས་བཅས་སུ་དཔལ་ལྡན་ཚོགས་གཙོ་སྦྲེལ་པོས་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༢༣ ཉིན་དམིགས་འཛུགས་བསྐོ་གཞག་བཀོད་ཁྱབ་གཞིར་བཟུང་། ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༣༠ ཉིན་གྱི་སྔ་དྲོར་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཚོགས་ཆུང་གི་ཚོགས་མི་རྣམ་པ་ལྷན་འཛོམས་ཀྱིས་རྩིས་ལོ་ ༢༠༢༠ ནས་ ༢༠༢༡ ལོའི་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཁྲར་རྩིས་ཞིབ་བྱེད་པོའི་ཚོགས་ཆུང་གི་ཚོགས་གཙོར་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་།

ཚོགས་ཆུང་གི་ཚོགས་དྲུང་བཀའ་དྲུང་ཡིག་ཚང་གི་དྲུང་གཞོན་བསོད་ནམས་དཔལ་སྒྲོན་ལགས་བཅས་སུ་སྤྱི་མོས་གཏན་འཁེལ་བྱུང་ཞིང་། དེ་སྔའི་རྩིས་ཞིབ་ཀྱི་བརྒྱུད་རིམ་དང་། ད་ལྟའི་ལས་དོན་དངོས་སུ་ཕྱག་བསྟར་ཞུ་ཕྱོགས་སོགས་ལ་གོ་བསྡུར་གྱིས་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ལོ་ ༢༠༢༠ ནས་ ༢༠༢༡ ལོའི་ཟླ་གསུམ་དང་པོའི་རྩིས་ཁྲ་ཁག་ལ་རྩིས་ཞིབ་གནང་རྒྱུ་དངོས་སུ་འགོ་འཛུགས་གནང་ཡོད་པ་བཅས། །