ཟླ་བ་ ༧ ཚེས ༢༧ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༢༧ རེས་གཟའ་ཟླ་བ།

༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ཛ་དྲག་ངལ་སེལ་ཚོགས་ཆུང་ནས་བཏང་གནས་ནང་འཁོད་དོན། དེང་འཛམ་གླིང་ཁྱོན་ཡོངས་ལ་ཏོག་དབྱིབས་གཉན་རིམས་ ༡༩ ཁྱབ་གདལ་ཆེ་ཆེར་འགྲོ་ཞིང་ད་ཆ་ནད་འགོག་སྨན་ཁབ་མེད་པས་ཁ་རས་ལ་སོགས་པ་གྱོན་དགོས་པའི་ལམ་སྟོན་རིམ་པ་སྤེལ་ཡོད་ནའང་ཉེ་སྔོན་རྒྱ་གར་དབུས་གཞུང་ནས་ལྟ་ཞིབ་ལེགས་པར་བྱས་རྗེས་ཁ་རས་ N-95 དབུགས་འགྲོའི་བུ་ག་ཟུར་བཏོན་ཡོད་པ་ (N-95 mask with valved respirators) དེ་གྱོན་ན་ནད་འབུ་གཞན་ལ་འགོས་ཁྱབ་མ་འགྲོ་བར་སྲུང་སྐྱོབ་བྱེད་ཐུབ་ཀྱི་མེད་པ་གསལ་སྟོན་གནང་ཡོད།

དེ་ཡང་རྒྱ་གར་དབུས་འཕྲོད་བསྟེན་ཞབས་ཞུའི་ལས་ཁང་གི་འགན་འཛིན་སྨན་པ་རཱ་ཇཱིབ་གཱརྒ་ལགས་ཀྱིས་ཁོང་གི་ཉམས་མྱོང་ལས་ཁ་རས་ N-95 དེ་སྨན་པ་དང་སྨན་ཞབས་སོགས་སྨན་ཁང་ནང་དངོས་སུ་ཆེད་ལས་ལ་བཞུགས་མཁན་རྣམས་ཀྱིས་གྱོན་དགོས་པ་ལས་མི་མང་དཀྱུས་མས་གྱོན་པ་ནི་ཚུལ་མིན་ཡིན་སྐོར་འབྲེལ་ཡོད་མངའ་སྡེ་དང་རྫོང་གི་འཕྲོད་བསྟེན་དྲུང་ཆེ་དང་སྨན་གྱི་སློབ་གཉེར་བསྟི་གནས་ཁང་རྣམས་ལ་ཡིག་ཐོག་ནས་ཞུས། ཡིག་ཐོག་ནང་གསལ་”ཁ་རས་ N-95 ཟུར་ལ་དབུགས་འགྲོའི་བུ་ག་ཡོད་པ་དེས་ཏོག་དབྱིབས་གཉན་སྲིན་ནམ་ནད་འབུ་དེ་ཕྱི་མི་གཞན་ལ་ཁྱབ་གདལ་འགྲོ་རྒྱུར་སྔོན་འགོག་བྱེད་ཐུབ་ཀྱི་མེད་པ་གསུངས།” ཁ་རས་ N-95 དེས་ནང་དབུགས་ཕྱི་ནས་ལེན་པའམ་རྔུབ་པའི་སྐབས་རླུང་བཙོག་སེལ་བྱེད་ཀྱི་ཡོད་པ་ལས་ནང་དབུགས་ཕྱིར་གཏོང་བའི་སྐབས་དེ་ལྟར་བྱེད་ཀྱི་མེད། གལ་ཏེ་རང་ཉིད་ལ་གཉན་སྲིན་ལྡན་པ་གང་ཞིག་ལ་ནད་རྟགས་དམིགས་བསལ་མེད་པའི་གང་ཟག་ཞིག་ཡིན་ཚེ་ཁ་རས་དེ་གྱོན་པ་ལས་དབུགས་ཕྱིར་གཏོང་བའི་སྐབས་རང་ལ་ཡོད་པའི་ནད་འབུ་དེ་མི་གཞན་དང་ཉེ་འཁོར་གྱི་རླུང་ནང་ཁྱབ་འགྲོ་ཡི་ཡོད། དེར་བརྟེན་མི་མང་དཀྱུས་མས་ཁ་རས་ N-95 དེ་གྱོན་པ་ལས་ནམ་རྒྱུན་གྱི་ཁ་རས་ཏེ་སོ་སོའི་ནང་ལ་རས་ཆ་ལས་གྲུབ་པའི་ཁ་རས་དང་། དེ་མིན་སྨན་ཁང་ནང་སྨན་པ་རྣམས་ཀྱིས་གཤག་བཅོས་བྱེད་སྐབས་བེད་སྤྱོད་བྱེད་བཞིན་པའི་ཁ་རས་དེ་གྱོན་དགོས་པ་རྒྱ་གར་དབུས་གཞུང་ནས་དེ་སྔ་ཕྱི་ཟླ་༤ པའི་ནང་སློབ་སྟོན་གནང་ཡོད་པ་གསུངས།

༡། བེད་སྤྱོད་བྱེད་བཞིན་པའི་རས་ཀྱི་རྒྱུ་ཆ་གང་ཡང་ཁ་རས་དང་གདོང་རས་བཟོ་ཆོག་ཀྱང་རས་ཆ་དེ་ཆུ་ཁོལ་མའི་ནང་སྐར་མ་ ༥ ཙམ་སྦང་རྗེས་ལེགས་པར་བཀྲུས་ནས་སྐམ་པའི་རྗེས་བཟོ་དགོས།

༢། ཁ་རས་བཟོ་བའི་སྐབས་རང་ཉིད་ཀྱི་ཁ་དང་སྣའི་བར་སྟོང་ཆ་མེད་པ་རན་པོ་བཟོ་དགོས།

༣། ཁ་རས་བསྐྱར་དུ་བེད་སྤྱོད་བྱེད་ཆོག་ཀྱང་ཡང་ནས་ཡང་དུ་འཁྲུས་རྗེས་བེད་སྤྱོད་བྱེད་དགོས།

༤། རང་ཉིད་ཀྱི་ཁ་རས་དེ་མི་གཞན་སུ་ལའང་གཡར་བ་སོགས་མཉམ་སྤྱོད་བྱེད་མི་ཆོག རང་ཉིད་ཁྱིམ་ཚང་གཅིག་པའི་ཕ་མ་བུ་སྤུན་ཡིན་ནའང་ཁ་རས་མཉམ་སྤྱོད་མི་ཆོག

༥། ཁ་རས་དང་གདོང་རས་གང་ཡིན་ཡང་ཆུ་དྲོད་འཇམ་ནང་དག་རྫས་བླུགས་ནས་བཀྲུས་རྗེས་ཆུ་ཚོད་ ༥ ཉུང་ཐར་ཉི་མར་སྐམ་རྗེས་བེད་སྤྱོད་བྱ་དགོས། བཅས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་མི་མང་རྣམས་ལ་ཁ་རས་གང་དང་གང་འདྲ་བེད་སྤྱོད་བྱེད་དགོས་པའི་ལམ་སྟོན་ཚུལ་དུ།།