གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡ རེས་གཟའ་ལྷག་པ།

༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ཛ་དྲག་ངལ་སེལ་ཚོགས་ཆུང་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་ཏོག་དབྱིབས་གཉན་རིམས་ ༡༩ སྔོན་འགོག་ཆེད་འགོག་དབྱེ་ཟུར་འཇོག་ཁང་དུ་གནས་བཞུགས་བོད་མི་དང་། ལྷག་པར་ནད་གཞི་འདི་འགོས་ཉེན་ཆེ་བའི་རང་ལོ་ ༦༥ ཡན་གྱི་བོད་མི་རྒས་བགྲེས་དང་བླ་གཉན་གྱི་ནད་གཞི་ཡོད་པ་རྣམས་ལ་གསོ་རིག་ལུས་སེམས་ནུས་གསོའི་སྨན་དེ་རིན་མེད་ཐོག་བགོས་འགྲེམས་གནང་དང་གནང་བཞིན་ཡོད།  

རང་རེའི་སྤྱི་ཚོགས་ནང་ད་ཆ་ཏོག་དབྱིབས་གཉན་རིམས་ ༡༩ ཕོག་པའི་མི་གྲངས་ཇེ་མང་དུ་འགྲོ་བཞིན་པའི་གནས་སྟངས་ལ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ནས་མིའི་ལུས་སེམས་ཀྱི་ནུས་པ་གསོ་བ་བརྒྱུད་ནད་གཞི་སྔོན་འགོག་ཐུབ་རྒྱུར་དམིགས་ནས་ཕྱི་ནས་འགྲུལ་བཞུད་ཀྱིས་ཟུར་བཀག་ཏུ་བཞུགས་མཁན་བོད་མི་རྣམས་དང་། དེ་བཞིན་ནད་པའི་མདུན་དུ་དངོས་སུ་སྨན་བཅོས་ཞབས་ཞུ་བསྒྲུབ་མཁན་སྨན་ཞབས་དང་འཕྲོད་ལས་པ་རྣམས་ལ་གསོ་རིག་ལུས་སེམས་ནུས་གསོའི་སྨན་དེ་འབུལ་རྒྱུའི་གཞི་རྒྱ་ཆེ་རུ་གཏོང་དགོས་པའི་ལམ་སྟོན་གནང་བ་ལྟར་ད་ཆ་བོད་མིའི་སྤྱི་ཚོགས་ནང་ནད་གཞི་འདིར་དངོས་སུ་མདུན་ལ་ཐོན་ནས་སྨན་བཅོས་ཞབས་ཞུ་བསྒྲུབ་མཁན་སྨན་པ་དང་སྨན་ཞབས། འཕྲོད་ལས་པ་དང་དངས་བླངས་ཞབས་ཞུ་གནང་མཁན་རྣམས་ལ་གསོ་རིག་ལུས་སེམས་ནུས་གསོའི་སྨན་ཐུམ་དེ་རིན་མེད་ཐོག་བགོ་འགྲེམས་གནང་བཞིན་ཡོད།

ཉེ་བའི་ཆར་རྒྱ་གར་ནས་རྒྱལ་ཁབ་ཕྱི་ལ་སྦྲག་ཐུམ་བསྐུར་རྒྱུའི་ལས་ཁང་སྒོ་ཕྱེ་ཡོད་ན་ཕྱི་རྒྱལ་དུ་གནས་བཞུགས་བོད་མི་རང་ལོ་ ༦༥ ཡན་དང་དེ་བཞིན་ཁྲག་ཤེད་དང་གཅིན་སྙི་སོགས་བླ་གཉན་གྱི་ནད་གཞི་ཡོད་པ། གཞན་ཡང་ནད་པའི་མདུན་དངོས་སུ་ཐོན་ནས་སྨན་བཅོས་ཞབས་ཞུ་གནང་མཁན་ཚང་མར་གསོ་རིག་ལུས་སེམས་ནུས་གསོའི་སྨན་གཏོང་རྒྱུའི་ཐག་གཅོད་བྱུང་བ་བཞིན་ད་ཆ་སྨན་ཐུམ་དེ་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་བརྒྱུད་ས་གནས་བོད་མི་རྣམས་ལ་གཏོང་འགོ་ཚུགས་ཡོད།

ཁ་སྔོན་ཕྱི་ཟླ་ ༣ པའི་ཟླ་མཇུག་ནས་སྒོ་འཛུགས་ཀྱིས་ད་བར་རྒྱལ་བལ་འབྲུག་གསུམ་ནང་གནས་བཞུགས་བོད་མི་རྣམས་ཀྱི་ཆེད་ཁྱོན་གསོ་རིག་ལུས་སེམས་ནུས་གསོའི་སྨན་ཐུམ་གྲངས་ ༨༥༩༩ ཏེ་ལོ་ན་ ༦༥ ཡན་བོད་མི་གྲངས་ ༧༣༩༠ དང་ཟུར་བཀག་ཏུ་གནས་བཞུགས་བོད་མི་གྲངས་ ༡༠༩༧ དེ་བཞིན་སྨན་ཞབས་དང་འཕྲོད་ལས། དངས་ཞབས་བསྡོམས་གྲངས་ ༡༡༢ བཅས་ལ་སྨན་དེ་རིན་མེད་བགོ་འགྲེམས་གནང་ཡོད། གསོ་རིག་ལུས་སེམས་ནུས་གསོའི་སྨན་གྱི་འགྲོ་གྲོན་སུམ་ཆ་གཅིག་བོད་ཀྱི་སྨན་རྩིས་ཁང་ནས་མཐུན་འགྱུར་གནང་བའི་ཐོག་མི་མང་ལ་བགོ་འགྲེམས་གནང་བཞིན་ཡོད་པ་ཡིན།།

Share with your friends










Submit