ཟླ་བ་ ༧ ཚེས ༢༨ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༢༨ རེས་གཟའ་མིག་དམར།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༢༨ ཉིན་ཏེ་འཛམ་གླིང་མཆིན་ནད་དུག་ཐབས་ཉིན་མོ་དང་སྟབས་བསྟུན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་མཆིན་ནད་དུག་ཐབས་ཀྱི་ནད་གཞི་དང་འབྲེལ་བའི་བརྙན་ཐུང་སྐར་མ་ ༡༥ ཅན་ཞིག་འདོན་སྤེལ་དང་། དེ་བཞིན་སྤྱི་ཚོགས་དྲ་ལམ་བརྒྱུད་རི་མོ་འགྲན་བསྡུར་གོ་སྒྲིག་གནང་བའི་པར་རིས་ཁག་འགྲེམས་སྟོན་དང་སྦྲགས། རི་མོ་འགྲན་བསྡུར་ནང་ཨང་རིམ་རྩེར་སོན་གསུམ་གྱི་མཚན་གཞུང་དང་། དེ་བཞིན་འགྲན་བསྡུར་ནང་མཉམ་ཞུགས་གནང་མཁན་ལོ་ན་ཆུང་ཤོས་ལོ་ ༡༤ ཅན་གྱི་བུ་གཅིག་ཚུད་པའི་གཞོན་སྐྱེས་བཞི་བཅས་ཁྱོན་བསྡོམས་བྱ་དགའ་ཐོབ་མཁན་གཞོན་སྐྱེས་ཕོ་མོ་གྲངས་བདུན་གྱི་མཚན་གསལ་བསྒྲགས་ཡང་གནང་སོང་། ཨང་རིམ་རྩེར་སོན་གསུམ་ལ་བྱ་དགའ་ཧིན་སྒོར་ ༤༠༠༠།༣༠༠༠།༢༠༠༠ རེ་དང་། མཉམ་ཞུགས་གནང་མཁན་ཚོར་ཧིན་སྒོར་ ༧༠༠ རེ་གནང་རྒྱུ་ཡིན་འདུག

སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འཛམ་གླིང་མཆིན་ནད་དུག་ཐབས་ཉིན་མོ་ཟེར་ནའང་རེད། མཆིན་ནད་དུག་ཐབས་སྔོན་འགོག་སླད་གོ་རྟོགས་སྤེལ་རྒྱུ་དང་། ལྷག་པར་གསོ་བཅོས་ཇི་ལྟར་དགོས་པ་དེའི་ཐོག་གོ་རྟོགས་སྤེལ་རྒྱུའི་ཉིན་མོ་ལྟ་བུ་ཆགས་ཡོད། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པའི་ལས་བྱེད་རྣམས་ནས་ཉིན་མོ་འདི་ཙམ་དུ་མ་ཟད་རྒྱུན་དུ་ཕྱག་ལས་གནང་བཞིན་ཡོད། དེ་བཞིན་ས་གནས་ཁག་ཏུ་ཡོད་པའི་ལས་བྱེད་དང་སྨན་པ། དེ་བཞིན་འཕྲོད་ལས་པ་བཅས་ནས་འཆར་གཞི་གཏན་ལ་ཕབ་པ་ཁག་ལག་བསྟར་ཞུ་བཞིན་ཡོད་པར་བརྟེན་འབྲེལ་ཡོད་ཡོངས་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན།

ལོ་ལྟར་འཛམ་གླིང་མཆིན་ནད་དུག་ཐབས་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད། རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་དེ་རིང་འདིར་མི་གྲངས་མང་པོ་ཞིག་མཉམ་ཞུགས་བྱེད་རྒྱུར་དཀའ་ངལ་ཡོད་ནའང་། དེ་རིང་འདིར་དཀའ་ངལ་ཡོད་བཞིན་དུ་དཀའ་ངལ་ལ་མ་འཛེམས་པར་ལས་འགུལ་ནང་མཉམ་ཞུགས་བྱས་པའི་ཐོག་ནས་ལས་གཞིར་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་ཞུ་རྒྱུ་ཡིན།

ཕྱི་ལོ་ ༡༩༦༠་་་༡༩༧༠་་༡༩༨༠ བཅས་ཀྱི་ནང་ལས་ཀྱི་སྣེ་མོ་བ་དང་འགན་བཞེས་མཁན་ཡོངས་ནས་གློ་གཅོང་༼ ཀྲི་སྦི་ནད་གཞི ༽་སྔོན་འགོག་སླད་འགན་ཁུར་བཞེས་ཏེ་ཤུགས་བསྐྱོན་པར་བརྟེན་གྲུབ་འབྲས་གང་ཙམ་ཐོན་ཡོད་ནའང་། ཀྲི་སྦི་ནད་གཞི་ནི་འགོས་ནད་ཡིན་སྟབས་སྐབས་རེར་ནད་པ་འཐོན་ཡོང་གི་ཡོད།

ད་ལྟའི་འཛམ་གླིང་ནང་མཆིན་ནད་དུག་ཐབས་ནད་གཞི་རྐྱེན་པས་མི་གྲངས་ཧ་ཅང་མང་པོ་འདས་གྲོངས་སུ་འགྱུར་བཞིན་ཡོད། གཉན་ནད་རེག་དུག་ལས་ལྡབ་དགུ་ཙམ་མཆིན་ནད་དུག་ཐབས་ནད་གཞི་ཁྱབ་བརྡལ་དང་འགོ་ཡི་ཡོད། ད་ཆ་འཛམ་གླིང་ནང་མི་གྲངས་ས་ཡ་ ༣༥༠ ཙམ་མཆིན་ནད་དུག་ཐབས་ཀྱི་ནད་མནར་བཞིན་ཡོད། དེ་ཡང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་དང་ཡར་ཐོན་ཅན་གྱི་རྒྱལ་ཁབ་རྣམས་ཟུང་སྦྲེལ་ཐོག་ཕྱི་ལོ་ ༢༠༣༠ ནང་ཚུན་མཆིན་ནད་དུག་ཐབས་རྩ་མེད་བཟོ་རྒྱུར་ཤུགས་བསྐྱོན་གྱི་ཡིན་ཞེས་གསུང་བཞིན་ཡོད་པ་མ་ཟད། ལས་གཞི་སྣ་མང་སྤེལ་བཞིན་ཡོད།

རང་རེ་བོད་པའི་སྤྱི་ཚོགས་ནང་དུའང་མཆིན་ནད་དུག་ཐབས་ནད་གཞིའི་ཐོག་ཞིབ་འཇུག་ཐོག་མ་ཕྱི་ལོ་ ༢༠༡༣ ལོར་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་ཨ་རི་ཇོན་སི་ཧོབ་ཀིན་སི་གཙུག་ལག་སློབ་ཁང་ (Johns Hopskin University) དང་མཉམ་རུབ་ཀྱིས་རྟོག་ཞིབ་སྐབས་བརྒྱ་ཆ་ ༨་༩ ལ་མཆིན་ནད་དུག་ཐབས་ཀྱི་ནད་གཞི་ཡོད་པ་ར་འཕྲོད་བྱུང་བར་བརྟེན་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་དང་། སྦྲུམ་མ། བྱིས་པ་བཅས་ལ་མཆིན་ནད་དུག་ཐབས་སྔོན་འགོག་གི་ཁབ་བརྒྱག་རྒྱུའི་ལས་གཞི་འགོ་བཙུགས་པ་རེད། དེ་བཞིན་སློབ་གྲྭ་ཁག་གི་ནང་ཞིབ་འཇུག་བྱས་པ་རེད།  རང་རེའི་སྤྱི་ཚོགས་ནང་མཆིན་ནད་དུག་ཐབས་ནད་གཞི་རྐྱེན་པས་མི་གྲངས་གང་ཙམ་འདས་གྲོངས་སུ་ཕྱིན་ཡོད།

ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་རྗེས་བར་གསུམ་དུ་ནད་རིགས་སྔོན་འགོག་སླད་ཤུགས་རྒྱག་དགོས་པའི་བཀའ་སློབ་ལམ་སྟོན་ཕེབས་པ་དང་། ཆེས་མཐོའི་ནད་རིགས་སྔོན་འགོག་ཞིབ་འཇུག་ཚོགས་ཆུང་གི་རྒྱབ་གཉེར། འཕྲོད་བསྟེན་དམིགས་བསལ་ཚོགས་ཆེན། དེ་བཞིན་ཞིབ་འཇུག་གནང་བའི་རྒྱབ་གཉེར་སོགས་ལ་བལྟས་ནས་འདིའི་ཐོག་ལས་གཞི་མང་དག་ཅིག་སྤེལ་རྒྱུ་དང་། དེ་སྔ་ནས་སྤེལ་མུས་ཡིན་པ་དེ་དག་ཤུགས་ཆེ་རུ་གཏང་རྒྱུ། ལྷག་པར་ཕྱི་ལོ་ ༢༠༡༨་་༢༠༡༩། ༢༠༡༩་་༢༠༢༠ ནང་གཞི་རྒྱ་ཆེ་བའི་དཔྱད་ཞིབ་ comprehensive assessment ཞེས་པའི་ཐ་སྙད་འདིའི་འོག་ནས་རྒྱ་གར་བྱང་ཕྱོགས་ཁུལ་དུ་ཡོད་པའི་བོད་མི་ཡོད་དོ་ཅོག་ལ་ཞིབ་འཇུག་བྱས་ཡོད། འཕྲོད་བསྟེན་ལས་ཁུངས་ནས་འབད་བརྩོན་གནང་ཡོད་ཀྱང་མི་ཁ་ཤས་སྐབས་དེར་ས་གནས་ས་ཐོག་ཏུ་མེད་པ་དང་། ཁག་གཅིག་མཉམ་ཞུགས་མ་གནང་བ་ལ་བརྟེན་ནས་ལས་གཞི་འདིའི་ནང་མི་འབོར་བརྒྱ་ཆ་ ༢ ནས་ ༥ བར་ཞུགས་མ་ཐུབ་པའི་གནས་སྟངས་ར་འཕྲོད་བྱུང་། ཞིབ་འཇུག་དང་བཅོས་ཐབས་གཉིས་ཀྱི་ཐོག་ནས་ལས་གཞི་འདི་འགོ་འཛུགས་ཡོང་བའི་སྐབས་རྒྱ་གར་བྱང་ཕྱོགས་ཁུལ་གྱི་གཞིས་ཆགས་ཁག་དང་། བྱང་ཤར་ཁུལ་གྱི་གཞིས་ཆགས་ཁག དབུས་ཀྱི་གཞིས་ཆགས་ཁག དེ་བཞིན་ལ་དྭགས་བྱང་ཁུལ་གྱི་གཞིས་ཆགས་ཁག་བཅས་ལ་ཞིབ་འཇུག་དང་བཅོས་ཐབས་གནང་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་། །