གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༧ རེས་གཟའ་མིག་དམར།

༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ཛ་དྲག་ངལ་སེལ་ཚོགས་ཆུང་ནས་བཏང་གནས་ནང་འཁོད་དོན། རྒྱ་གར་ནང་ད་ཆ་སྒོ་རྒྱ་རིམ་པས་ཕྱེ་ཞིང་མི་རྣམས་འགྲུལ་བཞུད་བྱེད་སྒོ་ཚུགས་པ་དང་དུས་མཉམ་ཏོག་དབྱིབས་གཉན་རིམས་ ༡༩ ནད་གཞི་ཕོག་མཁན་ཉིན་རེ་ནས་ཇེ་མང་དུ་འགྲོ་བཞིན་ཡོད། རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་མིའི་གཞིས་ཆགས་ཁག་གི་ནང་གཉན་རིམས་ཁྱབ་གདལ་སྔོན་འགོག་ཆེད་ལས་དོན་ཆེ་ཕྲ་མང་པོ་སྤེལ་བའི་ཁོངས་རྒྱ་གར་བྱང་ཤར་ཁུལ་དུ་ཆགས་པའི་མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་སུ་ནད་ཡམས་སྔོན་འགོག་གདོང་ལེན་ཆེད་དུ་དངས་ཏུ་བླངས་ནས་ལས་དོན་རིམ་པ་སྤེལ་ཡོད།

མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་ཀྱི་ཏོག་དབྱིབས་གཉན་རིམས་ ༡༩ ཛ་དྲག་འཕྲོད་བསྟེན་ཚོགས་ཆུང་གི་ཚོགས་གཙོ་ས་གནས་འགོ་འཛིན་བསྟན་འཛིན་མཆོག་ལྡན་ལགས་ཀྱིས་གསུངས་དོན། རྒྱ་གར་ནང་རིམ་པས་སྒོ་རྒྱ་ཕྱེ་ནས་གཞིས་ཆགས་ནང་འགྲུལ་བཞུད་བྱེད་མཁན་དང་། ལྷག་པར་ཕྱི་ནས་ཕེབས་མཁན་མང་དུ་འགྲོ་བཞིན་པའི་གནས་སྟངས་ལ་འདི་ནས་གཞིས་ཆགས་སུ་འཛུལ་སྒོ་དང་ཐོན་སྒོ་བསྡོམས་གྲངས་བཅུ་ཡོད་པ་ལས་འཛུལ་སྒོ་གཙོ་བོ་གཉིས་ཡོད་པ་དེའི་སྒོ་རྒྱག་རྒྱུ་དང་ཕྱེ་རྒྱུ་བཟོས་ནས་དེར་སྒོ་སྲུང་གཏན་སྡོད་ཀྱིས་ཕྱི་མི་ཕེབས་མཁན་ཚང་མ་ས་གནས་ཀྱི་འགོག་དབྱེ་ཟུར་འཇོག་ཁང་དུ་ཤར་བསྐྱོད་བྱེད་དུ་འཇུག་གི་ཡོད། ཅེས་གསུངས།

 

དོན་དངོས་གཞིས་ཆགས་སུ་ཕྱི་མི་ཕེབས་མཁན་གྲངས་ཇེ་མང་དུ་འགྲོ་བཞིན་པར་ས་གནས་ཀྱི་འགོག་དབྱེ་ཟུར་འཇོག་ཁང་དེ་ཆུང་དྲགས་པའི་གནས་སྟངས་ལ་དེ་གའི་ཛ་དྲག་ལས་དོན་ཚོགས་ཆུང་ནས་ས་གནས་ཀྱི་མི་མང་ཚོགས་ཁང་ཡོད་པ་དེའི་ནང་འགྱིག་ཤོག་གིས་བར་བཅད་ནས་ཁང་མིག་ཆུང་ཆུང་རེ་བཟོས་གནང་ནས་ཁྱོན་འགོག་དབྱེ་ཟུར་འཇོག་ཁང་གྲངས་ ༡༣ ཙམ་གསར་བཟོས་ཀྱིས་ཕྱི་ནས་ཕེབས་མཁན་ནང་ནས་ཚོན་མདོག་དམར་རྟགས་ཅན་ནས་ཕེབས་མཁན་རྣམས་ལོགས་སུ་ཟུར་འཇོག་གི་མཐུན་འགྱུར་སྦྱར་ཡོད།

མེའོ་ས་ཁུལ་རྫོང་གཞུང་ནས་ཀྱང་དེ་གའི་ས་གནས་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན་བརྒྱུད་ས་གནས་སུ་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་ཕྱི་མི་རྣམས་ལ་ཏོག་དབྱིབས་གཉན་སྲིན་ཡོད་མེད་བརྟག་དཔྱད་ཀྱི་མཐུན་འགྱུར་རོགས་འདེགས་གནང་ཡོད།

མངའ་ཁུལ་ནང་ནད་ཡམས་ཁྱབ་གདལ་བཀག་འགོག་ཆེད་ཨཱ་སམ་ས་མཚམས་སུ་གཞུང་གིས་ཆེད་གཏོང་ཉེན་རྟོགས་མི་སྣས་ཉིན་མཚན་བསྟུད་མར་ཕྱི་མི་ཕེབས་མཁན་རྣམས་ལ་ལྟ་རྟོགས་སྟངས་འཛིན་གནང་བཞིན་ཡོད་པ་དང་། ས་གནས་བོད་མིའི་ཛ་དྲག་འཕྲོད་བསྟེན་ཚོགས་ཆུང་ནས་ཀྱང་རོགས་སྐྱོར་ཚུལ་དུ་ཉེན་རྟོགས་མི་སྣ་གཙོས་རུ་ཁག་ལས་མི་རྣམས་ལ་དགུང་ཟས་རིན་མེད་ཐོག་འདེགས་ཕུལ་གནང་ཡོད།

ས་གནས་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན་བསྟན་འཛིན་ལྷ་དབང་གིས་འགྲེལ་བརྗོད་གནང་དོན། མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་སུ་ནད་ཡམས་ཁྱབ་གདལ་བཀག་འགོག་ཆེད་ས་གནས་རྫོང་གི་སྨན་ཁང་དང་སྨན་པ། དེ་བཞིན་རྫོང་དཔོན་དང་ལས་མི་རུ་ཁག་བཅས་ནས་མཐུན་འགྱུར་རོགས་འདེགས་གང་ལེགས་གནང་བར་ས་གནས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ས་གནས་འགོ་འཛིན་དང་འཕྲོད་བསྟེན་སྨན་ཁང་། དེ་བཞིན་མཉམ་འབྲེལ་བཅས་ཐུན་མོང་ནས་ཐུགས་རྗེ་ལེགས་གསོལ་དང་ཡི་རངས་བསྔགས་བརྗོད་ཞུས་གནང་ཡོད། 

ཁོང་གིས་མུ་མཐུད་གསུངས་དོན། ནད་ཡམས་འདི་བཞིན་མི་ནས་མི་བརྒྱུད་འགོས་ཉེན་ཆེ་བས་མིའི་དབར་ཐུག་འཕྲད་ཉུང་དུ་ཡོང་རྒྱུར་དམིགས་ནས་ས་གནས་སུ་འགོག་དབྱེ་ཟུར་འཇོག་ཁང་དུ་དུས་ཚོད་གཙང་ནས་མི་རྣམས་རང་ཁྱིམ་དུ་ལོག་པའི་དུས་ཚོད་དེའང་མཚན་མོ་མི་མེད་པའི་སྐབས་གནང་བཞིན་ཡོད་པ་དང་། ཛ་དྲག་ལས་དོན་ཚོགས་ཆུང་ནས་ཟུར་འཇོག་ཁང་དོ་དམ་སྟངས་འཛིན་ནན་པོ་གནང་ཞིང་སྐམ་ཟས་སོགས་དགོས་མཁོའི་རིགས་སྦྱོར་སྤྲོད་གནང་གི་ཡོད་སྐོར་གསུངས།

གཞན་ཡང་ཕྱི་ནས་ཚལ་དང་ཤ་སོགས་ཟས་རིགས་ཚོང་འགྲེམས་གནང་མཁན་རྣམས་བཀག་འགོག་བྱེད་ཅིང་ཚལ་རིགས་ཚོང་མཁན་རེ་གཉིས་ཡོད་པ་རྣམས་གཞིས་ཆགས་སུ་མ་འཛུལ་གོང་དུག་སེལ་བྱེད་དགོས་པ་དང་། དེ་བཞིན་ཚོང་འགྲེམས་སྐབས་མིའི་དབར་རྒྱང་ཐག་འཇོག་རྒྱུ་ སོགས་སྔོན་འགོག་ཐབས་ལམ་རྣམས་བསྟེན་བཞིན་ཡོད་པ་གསུངས། ཕྱོགས་མཚུངས་འགོག་དབྱེ་ཟུར་འཇོག་ཁང་དུ་གད་སྙིགས་གསོག་དོར་དང་འབྲེལ་སྒེར་དང་ཚོགས་མི་ཐུན་མོང་ནས་འགན་བཞེས་གནང་ཡོད་ཅིང་ལྷག་པར་ཛ་དྲག་འཕྲོད་བསྟེན་ཚོགས་ཆུང་ནས་ནད་ཡམས་སྔོན་འགོག་ཆེད་དཀའ་བ་དངས་ལེན་གྱིས་ལས་དོན་ཚགས་ཚུད་སྤེལ་གནང་བར་མི་མང་གིས་གཙོས་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་རྣམས་ནས་ཐུགས་རྗེ་ཆེ་ཞུ་དང་སྦྲགས་མི་མང་ནས་མ་སྐུལ་དངས་བླངས་ཀྱིས་ཞལ་འདེབས་རོགས་དངུལ་ཡང་གནང་སོན་བྱུང་ཡོད་པ་བཅས། །