ཟླ་བ་ ༧ ཚེས ༣༡ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༣༡ རེས་གཟའ་པ་སངས། 

༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ཛ་དྲག་ངལ་སེལ་ཚོགས་ཆུང་ནས་བཏང་གནས་ནང་འཁོད་དོན། དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་རྒྱུ་སྦྱོར་ལམ་སྟོན་གཞིར་བཟུང་རྒས་གསོ་ཁང་དུ་ལུས་ཟུངས་གསོ་བྱེད་ཀྱི་བཟའ་བཅའ་བགོ་སྤྲོད་དང་། ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༣ རེས་གཟའ་ལྷག་པ་ཉིན་ནང་སྲིད་ལས་ཁུངས་ནས་གནང་བའི་ཛ་དྲག་རོགས་དངུལ་ཧིན་སྒོར་ ༥,༠༠༠ ཐམ་པ་ཐོབ་མཁན་རྣམས་ལུགས་བསམ་མཉམ་འབྲེལ་ཚོགས་ཁང་དུ་འབོད་འགུགས་ཀྱིས་རོགས་དངུལ་ཁུངས་འགྲེམས་ཞུས་ཡོད། ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༠ ཉིན་ལས་དྲུང་དང་ལྷན་དུ་གཞིས་གྲོང་ཁག་ལ་ཆེད་བསྐྱོད་ཀྱིས་ཉམ་ཐག་རྣམས་ལ་དམིགས་བསལ་འཚོ་སྣོན་ནམ་ངལ་སེལ་རོགས་དངུལ་བགོ་འགྲེམས་ཞུས་ཐུབ་པ་བྱུང་ཡོད།

ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༧ ཉིན་རྒྱབ་ཆུ་ཚོད་ ༢ ཐོག་སྡེ་ཚན་ཁག་གི་འགན་འཛིན་དང་། དགོན་སྡེ་ཁག་གི་ཕྱག་དྲུང་། གྲོང་སྡེའི་སྤྱི་མི་རྣམ་པ་ཚོགས་བསྐོངས་ཀྱིས་གཞིས་ཆགས་ནང་མུ་མཐུད་ནད་འབུ་གཙང་སེལ་དང་ཁ་རས་གྱོན་རྒྱུའི་དམ་དོན་དང་། མངའ་གཞུང་གི་ཟུར་བཀག་བྱ་ཕྱོགས་ཀྱི་སྒྲིག་གཞི་དགོངས་དོན་གནང་དགོས་པའི་གསལ་བསྒྲགས་ཞུས་ཡོད། ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢༥ ཉིན་སེ་ར་བྱེས་སྨད་འཕྲོད་བསྟེན་སྡེ་ཚན་ལ་རོགས་རམ་ཞུས་ཏེ་གཞིས་གྲོང་དང་པོའི་ཚོང་གི་བསྟི་གནས་དང་། གཞིས་མཉམ་ལས་ཁུངས། བོད་ཕྲུག་ཁྱིམ་སྡེ། མཉམ་འབྲེལ་རྡོ་སྣུམ་ས་ཚིགས། རྒས་གསོ་ཁང་། གཞིས་སྤྱི་༸རྒྱལ་བའི་ཕོ་བྲང་གིས་གཙོས་བདེ་སླར་སྤྱི་ས་བཅས་ལ་ནད་འབུ་གཙང་སེལ་ལས་དོན་ཞུས་ཐུབ་པ་བྱུང་ཡོད། 

ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༤ ཉིན་ཤེས་རིག་ལས་ཁུངས་ནས་ཞལ་པར་འབྱོར་དོན་བཞིན་རྡ་སར་ཕྱིར་ལོག་བྱེད་མཁན་བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་ ༢༢ ལ་ས་གནས་མངའ་གཞུང་ལས་ཁུངས་བརྒྱུད་ཕྱི་ཚེས་ ༥ ཉིན་སྒོ་རྒྱ་བསྡམས་པའི་སྐབས་སྦེང་ལོར་དུ་བསྐྱོད་ཆེད་གཞུང་གི་སྤྱི་སྤྱོད་རླང་འཁོར་གླ་རྒྱུ་དང་དམིགས་བསལ་ལམ་ཡིག་ཐོབ་ཕྱིར་མཐུན་འགྱུར་རོགས་འདེགས་ཞུས་ཡོད།

ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༦ ༸རྒྱལ་བའི་འཁྲུངས་སྐར་ཉིན་ལྷོ་སྤྱིའི་ལས་ཁུངས་བརྒྱུད་དབུས་ནས་གསོལ་སྩལ་གནང་བའི་ཁ་རས་མང་ཚོགས་ལ་ཁུངས་འགྲེམས་ཞུས་ཡོད། དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་རྒྱུ་སྦྱོར་ལམ་སྟོན་གཞིར་བཟུང་རང་ལོ་ ༦༥ ཡན་སེར་སྐྱ་མི་གྲངས་ ༦༣༡ ལ་ས་གནས་སྨན་རྩིས་ཁང་གི་སྨན་པ་ནས་གྲོང་སྡེ་སོ་སོར་ཆེད་བསྐྱོད་ཀྱིས་བརྟག་དཔྱད་གནང་སྟེ་ལུས་ཟུངས་གསོ་བྱེད་ཀྱི་གསོལ་སྨན་ཕུལ་ཡོད་པ་མ་ཟད། དེ་བཞིན་ཁྲག་ཤེད་དང་གཅིན་སྙི་ནད་པ་སོགས་མི་གྲངས་ ༣༦༨ ལ་བརྟག་དཔྱད་དམིགས་བསལ་གནང་མ་དགོས་པར་གཏན་འབེབས་གཞིར་བཟུང་ལུས་ཟུངས་གསོ་བྱེད་གསོ་སྨན་བཅས་ཕུལ་ཐུབ་པ་བྱུང་ཡོད། ད་བར་བཟའ་བཅའ་བཀའ་འཁྲོལ་དངུལ་འབོར་ཁོངས་ནས་དེ་སྔོན་ཛ་དྲག་རོགས་དངུལ་ཐོབ་མེད་པ་དང་དངོས་འབྲེལ་དཀའ་ངལ་ཅན་མི་གྲངས་གསུམ་ལ་སྒོར་ ༡༡,༠༠༠ འབབ་ཀྱི་བཟའ་བཅའ་མཐུན་འགྱུར་ཞུས་ཡོད།  

ཕྱི་ལོ་ ༢༠༢༠ ཟླ་ ༥ ནས་བཟུང་ད་བར་འདི་ག་གཞིས་ཆགས་སུ་ཕྱི་ཕྱོགས་ནས་ཡོང་མཁན་མི་སྐྱ་ཞལ་གྲངས་ ༡༥༢ དང་། སེར་མོ་བ་ཞལ་གྲངས་ ༧༤ བཅས་ཁྱོན་མི་གྲངས་ ༢༢༦ བྱུང་ཡོད། འཚོ་བྱེད་ཁང་གསར་སྨན་ཁང་གིས་ཐུགས་འགན་ཆེ་བཞེས་གནང་བའི་ཉེར་ལེན་གྱིས་ད་བར་འདི་གའི་ཁྱབ་ཁོངས་མངའ་སྡེ་གཞན་ནས་ཕྱིར་ལོག་གནང་མཁན་སེར་སྐྱ་ཞལ་གྲངས་ ༡༢༦ ལ་ཏོག་དབྱིབས་གཉན་རིམས་ཡོད་མེད་ཀྱི་བརྟག་དཔྱད་ལེགས་གྲུབ་བྱུང་ཡོད་བཅས། །