ཟླ་བ་ ༧ ཚེས ༣༡ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༣༡ རེས་གཟའ་པ་སངས། 

 

༄༅། །ཏོག་དབྱིབས་གཉན་རིམས་འཛམ་གླིང་ཡོངས་ལ་ཁྱབ་བརྡལ་དུ་འགྲོ་བཞིན་པའི་སྐབས་འདིར། ནད་ཡམས་དེ་སྔོན་འགོག་བྱེད་པར་རྒྱལ་སྤྱིའི་ཐོག་ནས་ཁ་རས་གྱོན་དགོས་པའི་སྐོར་བགྲོ་གླེང་ཤུགས་ཆེ་གནང་ཡོད། དཔེར་ན་ཉེ་ཆར་ཡུ་རོབ་སྤྱི་མཐུན་ཚོགས་པའི་ཚོགས་འདུ་འཚོགས་སྐབས་ཡུ་རོབ་ཀྱི་འགོ་ཁྲིད་རྣམ་པས་སོ་སོ་རྒྱལ་ཁབ་ཀྱི་རྒྱལ་དར་གྱི་པར་རིས་ཅན་གྱི་ཁ་རས་གྱོན་ཡོད།


ཡུ་རོབ་སྤྱི་མཐུན་ཚོགས་པའི་ཚོགས་འདུའི་སྟེང་བགྲོ་གླེང་གཏིང་ཟབ་གནང་རྗེས་ཏོག་དབྱིབས་གཉན་རིམས་སྔོན་འགོག་སླད་འཆར་གཞི་གསར་པ་ཞིག་གཏན་འབེབས་གནང་ཡོད་པ་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེར་རྗེས་སུ་ཡི་རངས་མཛད་ཡོད།  པོར་ཇུ་གྷལ་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་ཀྱི་རྒྱལ་དར་གྱི་པར་རིས་ཅན་གྱི་ཁ་རས་བཟོས་ཡོད་པ་མ་ཟད། མང་ཚོགས་ནས་ཉོ་རྒྱུ་ཡོད་པའི་ཁ་རས་འབེལ་འབེལ་ལྷུག་ལྷུག་བཟོས་ཡོད། 

བོད་ཀྱི་རྒྱལ་དར་པར་རིས་ཅན་གྱི་ཁ་རས་ལ་པོར་ཆོ་གྷལ་མང་ཚོགས་ནས་ཧ་ཅང་དགའ་མོས་གནང་ཡོད་པ་མ་ཟད། པོར་ཇུ་གྷལ་གྱི་གྲོས་ཚོགས་འཐུས་མི་ཨན་ཌི་རེ་སི་ལི་ཝ་ André Silva མཆོག་གིས་ཀྱང་བོད་ཀྱི་རྒྱལ་དར་ཅན་གྱི་ཁ་རས་དེ་གྱོན་གནང་ཡོད། བོད་ཀྱི་རྒྱལ་དར་ཅན་གྱི་ཁ་རས་ཡུ་རོབ་ཀྱི་གོང་ཚད་གཏན་འབེབས་ཐོག་ཨ་རི་དང་། སི་པན། ཨི་ཊ་ལི། ཕ་རན་སི། སྦེལ་ལི་ཇམ། ལུ་ཛམ་བྷོར་གི ནེ་ཐར་ལེན་ཌིས། སུད་སི། ཌན་མག སི་ཝེ་ཌན། བྷི་ར་ཛིལ། ཆི་ལེ། འཇར་མན་ནི། ཨིན་ཡུལ། ཨར་རེ་ལན་ཌི་སོགས་རྒྱལ་ཁབ་ ༡༧ ནང་བཀྲམ་ཡོད་པ་དང་།

ཁ་རས་དེ་མངགས་ཉོ་མང་ཤོས་ཕ་རན་སིའི་མི་རིགས་བྱུང་ཡོད། པོར་ཆོ་གྷལ་བོད་དོན་རྒྱབ་སྐྱོར་ཚོགས་པ་ནི་ཕྱི་ལོ་ ༢༠༠༨ ལོར་གསར་འཛུགས་གནང་ཞིང་། བོད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་ལས་འགུལ་སྤེལ་དང་སྤེལ་མུས་ཡིན། པོར་ཇུ་གྷལ་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་ཀྱི་རྒྱལ་དར་གྱི་པར་རིས་ལྡན་པའི་ཁ་རས་ཀྱི་ལས་འགུལ་སྤེལ་བར།  སྦེལ་ཇམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་རྗེས་སུ་ཡི་རངས་དང་བསྔགས་བརྗོད་གནང་ཡོད་པ་བཅས།།