ཟླ་བ་ ༧ ཚེས ༣༡ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༣༡ རེས་གཟའ་པ་སངས།

 

༄༅།། མཚུངས་མེད་ས་གནས་འགོ་འཛིན་ལྷན་རྒྱས་ཡོངས་ལ།

                                                       ཆེད་ཞུ།   དགོངས་པའི་མངའ་གསལ་བཞིན། འདི་ལོ་ཕྱི་ཟླ་ ༣ ནས་བཟུང་རྒྱ་གར་རྒྱལ་ཡོངས་ནང་ཏོག་དབྱིབས་གཉན་རིམས་རྐྱེན་པས་སྒོ་རྒྱག་བཀའ་རྒྱ་དམ་འགོ་ཚུགས་ཏེ་དབུས་བོད་མིའི་སྒྲིག་འཛུགས་ནས་རང་རིགས་ཉམ་ཐག་དབུས་ཕོངས་རྣམས་ལ་ཛ་དྲག་ངལ་སེལ་ཆེད་བཟའ་བཅའ་སྐམས་ཟས་བགོས་འགྲེམས་དང་། དམིགས་བསལ་འཚོ་སྣོན་སོགས་ཀྱི་མཐུན་འགྱུར་གང་ཐུབ་ཞུས་དང་ཞུ་མུས་ཀྱང་། རང་རེའི་སྤྱི་ཚོགས་ནང་ཏོག་དབྱིབས་གཉན་རིམས་ཀྱི་གོ་སྐབས་བཟུང་སྟེ་སྤྱི་ཚོགས་དྲྭ་རྒྱ་ངོ་དེབ་དང་ཡུ་ཊུབ་ YouTube ཨིནྶ་ཀྲ་གྷ་རམ་ Instagram སོགས་ཀྱི་ནང་ཚོགས་པ་དང་མི་སྒེར་ཁག་ཅིག་གི་ཉམ་ཐག་རེ་ཟུང་གི་གནས་སྟངས་ཐོག་བརྙན་ཐུང་བཟོས་ཏེ་ཕྱི་ནང་ཁག་ནས་དཔལ་འབྱོར་བསྡུ་སློང་ཞུ་རྒྱུའི་ལམ་སྲོལ་ངན་པ་ཞིག་ཆགས་འདུག་པས། ཚོགས་སྒེར་དེ་དག་ཁག་ཅིག་ལྷག་བསམ་ལྡན་ཅིང་ཉམ་ཐག་རྣམས་ལ་རོགས་ཕན་སྒྲུབ་རྒྱུའི་ཀུན་སློང་ཡོད་སྲིད། ཡང་རིགས་ཅིག་ནས་སོ་སོའི་ཁེ་ཕན་ཁོ་ནའི་ཆེད་དུ་བེད་སྤྱོད་གཏོང་མི་སྲིད་པ་མིན་སྟབས། མདོ་དོན་སྤྱི་ཚོགས་དྲྭ་རྒྱའི་ནང་ཉམ་ཐག་གནས་སྟངས་དང་འབྲེལ་བའི་བརྙན་ཐུང་དེ་དག་འཛམ་གླིང་ཀུན་ལ་ཁྱབ་བརྡལ་འགྲོ་རྐྱེན་སྤྱི་ནོར་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་དགོངས་དཀྲུག་པའི་རྒྱུར་འགྱུར་ངེས་དང་། ཡང་སྒོས་བོད་མིའི་སྒྲིག་འཛུགས་ཀྱི་ཆེ་མཐོང་ལ་གནོད་གཞིར་འགྱུར་བ། ལྷག་པར་རྒྱ་ནག་གཞུང་ལ་ཆབ་སྲིད་ཀྱི་ལག་ཆ་ཞིག་དུ་འགྱུར་ཉེན་བཅས་ལ་བརྟེན། མ་འོངས་པར་བོད་མིའི་སྒྲིག་འཛུགས་ཀྱི་ལྟ་སྐྱོང་འོག་ཡོད་པའི་ཉམ་ཐག་སུ་འདྲ་ཞིག་སྤྱི་ཚོགས་དྲྭ་རྒྱ་བརྒྱུད་དཔལ་འབྱོར་བསྡུ་སློང་ཞུ་རིགས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཉམ་ཐག་རོགས་སྐྱོར་ཐོབ་ཐང་ཁོངས་ནས་རང་བཞིན་འབུད་པའམ་ཉམ་ཐག་གི་གནས་སྟངས་ནས་གྲོལ་བར་ངོས་འཛིན་ཞུས་ཏེ་འབྲེལ་ཡོད་ཚོགས་སྒེར་སུས་དཔལ་འབྱོར་བསྡུ་དགོས་བྱས་པ་དེས་མུ་མཐུད་མི་ཚེ་ལྟ་སྐྱོང་གནང་དགོས་པ་དེ་དོན་ཁྱབ་ཁོངས་གཞིས་མི་ཡོངས་ལ་མ་གོ་མ་ཐོས་མེད་པར་ཡོངས་ཁྱབ་གསལ་བསྒྲགས་མཐིལ་ཕྱིན་གནང་དགོས་ཕེབས་སོང་བ་དེ་དོན་དགོངས་འཇུགས་ཞུ། ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༣༡ ལ།

                                                  ཕུལ།

ངོ་བཤུས།      ཤེས་རིག་ལས་ཁུངས།

               འཕྲོད་བསྟེན་ལས་ཁུངས།

Download