ཟླ་བ་ ༧ ཚེས ༣༡ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༣༡ རེས་གཟའ་པ་སངས།

༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། འཛམ་གླིང་གི་ཤར་ནུབ་ཡུལ་གྲུ་ཀུན་ཏུ་ཕྱི་ལོ་ ༢༠༢༠ དེ་བཞིན་དགའ་སྣང་དང་རེ་འདོད་གསར་པ་ཞིག་གི་སྒོ་ནས་བསུ་བཞིན་པའི་སྐབས་དེར་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་མཆེད་པའི་ཏོག་དབྱིབས་རིམས་ནད་ཁྱབ་བརྡལ་ཆེས་ཇི་ཆེར་སོང་སྟེ་འཛམ་གླིང་ཁྱོན་ཡོངས་སུ་ཀུན་ཁྱབ་རང་བཞིན་གྱི་ངོ་བོར་འགྱུར་བཞིན་པའི་རྐྱེན་གྱིས་སྐྱེ་བོ་ཀུན་གྱི་དགའ་སྣང་དང་རེ་འདོད་གསར་པ་དེ་བཞིན་དངངས་ཚབ་དང་འཇིགས་སྣང་གསར་པ་ཞིག་ཏུ་འགྱུར་ཏེ་རང་རང་གི་ས་གནས་སུ་ཏོག་དབྱིབས་གཉན་རིམས་སྔོན་འགོག་གི་ལས་དོན་སྤེལ་རྒྱུའི་ཚ་རླབས་ཆར་རྗེས་ཀྱི་མྱུ་གུ་བཞིན་བརྡོལ་བ་ལྟར་བལ་ཡུལ་ཁུལ་དུའང་བལ་ཡུལ་བོད་མིའི་སྐུ་ཚབ་དོན་གཅོད་ཀྱི་སྣེ་ཁྲིད་འོག་ས་གནས་འགོ་འཛིན་རྣམས་ནས་རང་རང་གི་ཁྱབ་ཁོངས་ས་གནས་སུ་གནས་སྡོད་བོད་མི་རྣམས་ཀྱི་བདེ་ཐབས་ལ་གཙོ་བོ་དམིགས་ཏེ་ཏོག་དབྱིབས་གཉན་རིམས་སྔོན་འགོག་གི་ལས་དོན་རྣམས་དུས་ཐོག་ཏུ་སྤེལ་ཡོད་ཅིང་། ལས་དོན་རྣམས་ཚགས་ཚུད་དང་གཅིག་འགྱུར་རང་བཞིན་ཡོང་ཐབས་སུ་བལ་ཡུལ་སྐུ་ཚབ་དོན་གཅོད་ཀྱིས་གཙོ་སྐྱོང་འོག་བལ་ཡུལ་ཁུལ་གྱི་ས་གནས་འགོ་འཛིན་རྣམས་དང་། རིམས་ནད་སྔོན་འགོག་ལས་དོན་དང་ཐད་ཀར་འབྲེལ་ཆགས་སྒོ་ནས་བལ་ཡུལ་གངས་ཅན་བདེ་རྩ་ཚོགས་པའི་འགན་འཛིན་དང་འབྲེལ་ལས་བཅས་ལས་གྲུབ་པའི་བལ་ཡུལ་ཁུལ་གྱི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་དབུ་བཙུགས་ཀྱིས་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༢༥ རེས་གཟའ་ལྷག་པ་ཉིན་ནས་འགོ་བཙུགས་ཏེ་བདུན་རེའི་རེས་གཟའ་ལྷག་པ་ནམ་ཡིན་ལ་སྔོན་འགོག་ལས་དོན་ཚོགས་ཆུང་གི་ཚོགས་མི་ལྷན་འཛོམས་ཐོག་རང་རང་གི་ས་གནས་ནང་རིམས་ནད་སྔོན་འགོག་ལས་དོན་ཇི་སྤེལ་དང་། དཀའ་ངལ་ཇི་འཕྲད། ལས་དོན་གསར་སྤེལ་དང་གདོང་ལེན་བྱ་ཕྱོགས་ཐད་ལམ་སྟོན་ཇི་དགོས་བཅས་ཀྱི་ཐོག་གོ་བསྡུར་གསལ་བཤད་དང་། ཐག་གཅོད་གཏན་འབེབས་བྱེད་པའི་དྲ་ཐོག་གི་ཚོགས་འདུ་ད་བར་ཐེངས་ ༢༡ སྐོང་ཚོགས་གནང་ཡོད།

ཐེངས་འདིའི་དྲ་ཐོག་ཚོགས་འདུ་ཐེངས་ ༢༡ པའི་སྟེང་ཚོགས་འདུའི་གཙོ་སྐྱོང་བ་བལ་ཡུལ་སྐུ་ཚབ་དོན་གཅོད་ཚུལ་ཁྲིམས་རྒྱ་མཚོ་ལགས་ནས་གདན་ཞུ་གནང་དོན་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༢༩ རེས་གཟའ་ལྷག་པའི་ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ དྲ་ཐོག་ཚོགས་འདུའི་སྟེང་ཕེབས་སྟེ་ཚོགས་འདུའི་གཙོ་སྐྱོང་བ་གཙོས་པའི་ཚོགས་མི་ཡོངས་ལ་འཚམས་དྲི་ཞུ་བ་དང་སྦྲགས། ཏོག་དབྱིབས་གཉན་རིམས་དེ་བཞིན་ཐོག་མར་རྒྱ་ནག་གྲོང་ཁྱེར་ཝུ་ཧན་ནས་མཆེད་བཞིན་པའི་སྐབས་ནུབ་ཕྱོགས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཨ་རིས་གཙོས་པའི་རྒྱལ་ཁབ་མང་དག་ཅིག་གིས་དོགས་ཟོན་དང་སྔོན་འགོག་བྱ་ཕྱོགས་ཐད་ལྷོད་ཡངས་ཤོར་བའི་རྐྱེན་གྱིས་ད་ལྟའི་ཆར་རིམས་ནད་ཁྱབ་བརྡལ་བྱུང་ནས་ཟླ་བཞི་ལྷག་ཙམ་སོང་བའི་དུས་ཡུན་ནང་འཛམ་གླིང་ཡུལ་གྲུ་སྤྱི་དང་། ཐ་ན་འབྱོར་ལྡན་སྟོབས་ཆེན་རྒྱལ་ཁབ་ཨ་རིའི་ནང་རིམས་ནད་ཁྱབ་བརྡལ་གྱི་ཛ་དྲག་གནས་སྟངས་ཆགས་ཡོད་པ་དང་། ལྷག་དོན་དུ་དེང་བོད་མི་གནས་སྡོད་ཀྱི་ས་གནས་ཁག་ཏུ་ཐེམ་སྤང་བཀའ་རྒྱ་གྲོལ་ཏེ་ཕྱིར་འགྲོ་སྐྱོད་ཐད་གུ་ཡངས་སོང་བཞིན་པ་བསྟུན་ས་གནས་ཁག་ཏུ་རིམས་ནད་འགོས་ཁྱབ་ཀྱི་གནས་ཚུལ་སྔར་ལས་ཇེ་མང་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པས་དེའི་ཐད་ཚང་མས་སྔོན་འགོག་ལས་དོན་ཐོག་ཤུགས་སྣོན་སྔར་ལས་ལྷག་བརྒྱབ་དགོས་པ་སོགས་ཀྱི་ལམ་སྟོན་གསུང་བཤད་ཡོད།

ནང་སྲིད་བཀའ་བློན་མཆོག་གིས་དེ་སྔོན་ཕྱི་ཟླ་ ༤ པའི་ནང་རིམས་ནད་ངལ་སེལ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་ཁོངས་ནས་འབྱུང་འགྱུར་གྱི་ཕྱི་ཟླ་ ༦ དང་ ༧ ནང་རིམས་ནད་འགོ་ཁྱབ་ཀྱི་གནས་སྟངས་ཇེ་སྡུག་ཇེ་ཞན་ཏུ་འགྲོ་ངེས་ཡིན་པའི་སྔོན་དཔག་གནང་ཡོད་པ་ལྟར་ད་ཆར་དངོས་ཡོད་གནས་ཚུལ་ཞིག་ཏུ་གྱུར་ཡོད་ཅིང་། ད་དུའང་འབྱུར་འགྱུར་ཕྱི་ཟླ་ ༡༡ ཙམ་གྱི་ནང་བོད་མིའི་སྒྲིག་འཛུགས་གནས་ཡུལ་རྒྱལ་ཁབ་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་འགོ་ཁྱབ་བྱུང་བའི་ནད་པའི་གྲངས་འབོར་འབུམ་ ༣༠ ནས་ ༤༠ བར་འཕར་རྒྱུ་ཡིན་པར་ཆེད་ལས་སྨན་པ་དང་མཁས་པ་ཚོས་བརྗོད་བཞིན་ཡོད་ནའང་། རིམས་ནད་བཅོས་བྱེད་ཀྱི་སྨན་ནི་ད་དུའང་བཟོ་ཐུབ་མེད་ཅིང་། འབྱུང་འགྱུར་གྱི་ཕྱི་ཟླ་བཅུ་གཅིག་བཅུ་གཉིས་ནང་ལའང་བཟོ་ཐུབ་རྒྱུར་ཐེ་ཚོམ་གྱི་གནས་སུ་གྱར་ཡོད་པས། རིམས་ནད་བཅོས་བྱེད་ཀྱི་སྨན་མ་ཐོན་བར་དུ་སྨན་བཅོས་ཡག་ཤོས་ནི་གཙོ་བོར་རང་ཁྱིམ་དུ་སྡོད་རྒྱུ་དང་། ཕྱིར་བསྐྱོད་སྐབས་སུ་ཁ་རས་གྱོན་པ་དང་། ནད་འབུ་གཙང་སེལ་གྱི་ཆུ་བཀོལ་སྤྱོད་བྱེད་པ། དེ་བཞིན་ཕན་ཚུན་རྒྱང་ཁྱད་དུ་སྡོད་པ་དང་རང་ཉིད་ཀྱི་གཟུགས་གཞིའི་གནས་སྟངས་ལ་ལྟོས་ཏེ་ལུས་ཟུངས་གསོ་བྱེད་ཀྱི་སྨན་གཏོང་བ་ལ་སོགས་པའི་སྔོན་འགོག་ཐབས་ལམ་རྣམས་ཚུལ་བཞིན་བསྟེན་དགོས་པའི་ཐོག་ནན་བརྗོད་གནང་ཡོད། ཅེས་དང་།

གཞན་ཡང་བཀའ་བློན་མཆོག་གིས་ད་བར་བོད་མི་འདུ་སྡོད་ཀྱི་ས་གནས་ཁག་ལ་རིམས་ནད་ཁྱབ་བརྡལ་གྱི་ཛ་དྲག་རང་བཞིན་གྱི་དཀའ་ངལ་གང་ཡང་འཕྲད་མེད་པ་ནི་གཙོ་ཆེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གི་ཐུགས་རྗེའི་བྱིན་གྱིས་བརླབས་པའི་བཀའ་དྲིན་ཉག་གཅིག་གི་འོག་ས་གནས་འགོ་འཛིན་རྣམས་ནས་འགན་ཁུར་ཆེ་བཞེས་ཀྱི་སྔོན་འགོག་གྱི་ལས་དོན་ཚགས་ཚུད་སྤེལ་བ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ཞིང་། འབྱུང་འགྱུར་རིམས་ནད་ཁྱབ་བརྡལ་གྱི་གནས་སྟངས་ཇེ་སྡུག་ཏུ་སོང་ནའང་བོད་མིའི་སྒྲིག་འཛུགས་ངོས་ནས་ལས་དོན་གང་ཞིག་སྤེལ་དགོས་ཀྱང་གདོང་ལེན་གནང་ཐུབ་ངེས་ཡིན་པ་གདེང་ཚོད་ཡོད་མོད། དེ་ལྟར་ནའང་ས་གནས་ཁག་ཏུ་ངལ་སེལ་ལས་གཞི་སྤེལ་བའི་སྐབས་དངོས་ཡོད་དཀའ་ངལ་ཡོད་མེད་ལ་མ་ལྟོས་པར་ཧམ་པ་དང་མ་རབས་ཆེ་བ་གང་ཡིན་པ་རྣམས་ས་གནས་འགོ་འཛིན་ལས་ཁུངས་སུ་བཅར་ཏེ་རོགས་སྐྱོར་གྱི་ཁེ་ཕན་ལེན་གང་ཐུབ་བྱེད་བཞིན་ཡོད་པ་དང་། དངོས་ཡོད་ཀྱི་དཀའ་ངལ་འཕྲད་བཞིན་པའི་ཉམ་ཆུང་ནུས་མེད་འགའ་ཞིག་གིས་དཀའ་སྡུག་གང་ཡོད་རང་ངོས་ནས་བཟོད་སྲན་བྱས་ཏེ་གནས་བཞིན་ཡོད་པས། དེའི་ཐད་འབྲེལ་ཡོད་ས་གནས་འགོ་འཛིན་རྣམས་ནས་ཐུགས་ཁུར་ཆེ་བཞེས་ཀྱིས་དངོས་ཡོད་དཀའ་ངལ་འཕྲད་བཞིན་པའི་ཉམ་ཆུང་ནུས་མེད་རིགས་ཟུར་དུ་མ་ལྷག་པར་དམིགས་བསལ་གྱིས་གཟིགས་རྟོག་དགོས་པའི་བཀའ་མངགས་གནང་སྟེ་མཐར་ད་བར་རིམས་ནད་ཁྱབ་བརྡལ་གྱི་ཛ་དྲག་གནས་སྟངས་དེའི་ནང་སྨན་པ་དང་སྨན་ཞབས་པ། དེ་བཞིན་འབྲེལ་ཡོད་འཕྲོད་བསྟེན་ལས་བྱེད་དང་དྭང་བླང་འཕྲོད་བསྟེན་ཞབས་ཞུ་བ་རྣམས་ནས་མང་ཚོགས་ཀྱི་མདུན་དུ་ཐོན་ཏེ་སྔོན་འགོག་ལས་དོན་ཐོག་རླབས་ཆེན་གྱི་བྱ་གཞག་སྤེལ་བཞིན་པ་ལ་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུས་གནང་ཡོད། ཅེས་གསུངས། 

དེ་རྗེས་བལ་ཡུལ་སྐུ་ཚབ་དོན་གཅོད་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱི་གཙོ་སྐྱོང་འོག་བལ་ཡུལ་ཁུལ་གྱི་ས་གནས་འགོ་འཛིན་རྣམས་ནས་ས་གནས་སོ་སོའི་ནང་ད་བར་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་འགོག་ལས་དོན་གང་སྤེལ་ཡོད་པའི་ལས་བསྡོམས་སྙིང་བསྡུས་རེ་སྙན་སེང་ཞུས་པ་བཞིན་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་ནས་ཁོང་ཉིད་ལ་གཟིགས་ཚུལ་གང་བྱུང་བའི་ཐོག་ནས་བསྐྱར་དུ་ལམ་སྟོན་གནང་ཡོད་པ་བཅས། །