ཟླ་བ་ ༧ ཚེས ༣༡ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༣༡ རེས་གཟའ་པ་སངས།

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༣༠ ཉིན་ཀངྒ་ར་རྫོང་གི་རྒྱ་གར་ཝི་ཤ་ཝ་ཧིན་དུ་པ་རི་ཤཏ་ཚོགས་པའི་རྒྱུན་ལས་སྐུ་ཞབས་མཱ་ནི་ཤར་མ་ (Mani Sharma, Vishwa Hindu Parishad,Kangra) ལགས་དང་། ཀངྒ་ར་རྫོང་གི་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་རྒྱུན་ལས་སྐུ་ཞབས་ཐ་ཀུར་དཱ་ས་ (Thakur Das,(RSS) ལགས། སྐུ་ཞབས་པཱ་ཝན་ཨ་ཏི་རི་ (Pawan Attri) ལགས་བཅས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཁོང་རྣམས་ནས་ལས་འགུལ་གང་སྤེལ་བའི་སྐོར་སྙན་སེང་དང་། མ་འོངས་པར་མཉམ་མཐུན་ཐོག་ནས་ཆབ་སྲིད་ཀྱི་ལས་འགུལ་ཇི་ལྟར་སྤེལ་དགོས་མིན་སོགས་བཀའ་བསྡུར་ཞུ་སླད་ཕེབས་སྐབས་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་མཇལ་འཕྲད་གནང་སོང་།

 

སྐབས་དེར་ཁོང་རྣམས་ནས་ད་ལྟའི་རྒྱ་དཀར་ནག་གཉིས་ས་མཚམས་དཀའ་རྙོག་དང་། དེ་བཞིན་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ (Covid 19) དང་འབྲེལ་བའི་ཐོག་རྡ་ཤོད་དུ་རྒྱ་གར་སྤྱི་ཚོགས་ནང་རྒྱ་ནག་གི་དངོས་ཟོག་བེད་སྤྱོད་དང་ཉོ་ཚོང་འཚམས་འཇོག་དགོས་པའི་ལས་འགུལ་སྤེལ་བའི་སྐོར་དང་། བཞུགས་སྒར་རྡ་སར་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བོད་པ་མང་པོ་གནས་ཡོད་ཀྱང་ས་གནས་ཡུལ་མི་མང་པོ་ཞིག་གིས་བོད་ཀྱི་དངོས་ཡོད་གནས་སྟངས་ལ་རྒྱུས་མངའ་དེ་ཙམ་མེད་སྐོར་སོགས་གསུངས་གནང་བ་དང་། གཞན་ཡང་མ་འོངས་པར་ས་གནས་སུ་ལས་འགུལ་དེ་འདྲ་གོ་སྒྲིག་ཞུ་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་ཆེད་ཕེབས་གནང་རྒྱུའི་རེ་སྐུལ་ཞུས་གནང་སོང་།

དཔལ་ལྡན་ཚོགས་གཞོན་མཆོག་གིས་ལས་འགུལ་དེ་འདྲ་སྤེལ་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས། བོད་ནང་བོད་མི་ ༡༥༤ ཡིས་བོད་དོན་ཆེད་སྐུ་ལུས་མེར་བསྲེགས་ཕུལ་བ་སོགས་གཞིས་བཞུགས་བོད་མི་ཚོས་མུ་མཐུད་རྒྱ་ནག་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་དང་། དེ་བཞིན་བཙན་བྱོལ་ནང་བོད་མིའི་སྒྲིག་འཛུགས་ཀྱིས་བོད་པའི་ཆབ་སྲིད་ཀྱི་སྣེ་འཁྲིད་ནས་བོད་ཀྱི་དངོས་ཡོད་གནས་ཚུལ་འཛམ་གླིང་ཡོངས་ལ་ཁྱབ་སྤེལ་བྱེད་བཞིན་ཡོད་པ་དང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་སླད། ༧གོང་ས་མཆོག་གི་བཀའ་དགོངས་ལྟར་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་བའི་ཐོག་ནས་ཕྱི་ལོ་ ༢༠༠༢ ནས་ ༢༠༡༠ བར་བོད་རྒྱ་འབྲེལ་མོལ་ཐེངས་ ༩ བྱུང་ཡོད་པ་དང་།

ལྷག་པར་དུ་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་རྒྱ་ནག་གཞུང་ལ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཕུལ་བའི་སྐོར། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག དེ་བཞིན་ཚོགས་ཆེན་རིམ་པར་བཞག་པའི་གྲོས་ཆོད་སོགས་བོད་མིའི་འཐབ་རྩོད་སྐོར་ངོ་སྤྲོད་གནང་བ་དང་། དེ་བཞིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་རྒྱ་གར་གཞུང་ནས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་བྷ་ར་ཏི་ར་ཏི་ན་ (Bharat Ratna) དང་། གན་དྷི་ཞི་བདེའི་གཟེངས་རྟགས་ (Gandhi Peace Award) འབུལ་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་པར་ཁོང་རྣམས་ནས་དེར་རྒྱབ་སྐྱོར་གནང་དགོས་སྐོར་གསུངས་གནང་ཡོད་པ་བཅས། །