ཟླ་བ་ ༧ ཚེས ༣༡ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༣༡ རེས་གཟའ་པ་སངས། 

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༣༠ ཉིན་ཐེ་ཝན་གྱི་སྲིད་འཛིན་ཟུར་པ་དང་མང་གཙོའི་ཡབ་ཆེན་དུ་འབོད་པ་སྐུ་ཞབས་ལེ་ཏིང་ཧུའི་ Mr Lee Teng-hui མཆོག་དགུང་ལོ་ ༩༧ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། དེ་རིང་ཕྱི་ཚེས་ ༣༡ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། དམ་པ་ཁོང་གི་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོའི་འཕྲིན་ཡིག་ཕུལ་གནང་འདུག

ཐུགས་གསོའི་འཕྲིན་ཡིག་ནང་འཁོད་དོན། ཐེ་ཝན་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ལེ་ཏིང་ཧུའི་མཆོག་སྐུ་གཤེགས་པ་དེས་ཐེ་ཝན་གཞུང་མང་གཉིས་ལ་གྱོང་གུད་ཆེན་པོ་ཕོག་པ་ཙམ་མ་ཟད། བོད་རིགས་ཡོངས་ལའང་དེ་ལྟར་གྱོང་གུད་ཕོག་ཡོད། ཕྱི་ལོ་ ༡༩༩༦ ལོར་དམ་པ་དེ་ཉིད་མང་གཙོའི་ལམ་ལུགས་ཐོག་ནས་བདམས་པའི་ཐེ་ཝན་གྱི་སྲིད་འཛིན་དང་པོ་ཆགས་པའི་རྗེས། ཕྱི་ལོ་ ༡༩༩༧ ལོར་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་ནང་གདན་ཞུས་ཀྱིས་མཇལ་འཕྲད་གནང་བ་མ་ཟད། སྲིད་འཛིན་གྱི་ལས་གནས་བཞག་པའི་རྗེས་སུའང་ཐེངས་ཁ་ཤས་མཇལ་འཕྲད་གནང་ཡོད། དམ་པ་ཁོང་སྐུ་འཚོ་བཞུགས་རིང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་འདྲིས་ཧ་ཅང་ཆེན་པོ་ཡོད་ཅིང་། ཁོང་གིས་༧གོང་ས་མཆོག་དུས་རབས་འདིའི་ཁྱད་དུ་འཕགས་པའི་དབུ་འཁྲིད་ཅིག་ལ་ངོས་འཛིན་གྱིས་དད་གུས་ཆེན་པོ་གནང་གི་ཡོད། དེ་བཞིན་དམ་པ་ཁོང་གི་རྒྱབ་སྐྱོར་འོག་ཐེ་ཝན་རྒྱལ་ས་ཐེ་པི་རུ་བོད་མིའི་སྒྲིག་འཛུགས་ཀྱིས་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་བཙུགས་ཐུབ་ཡོད། ང་ཚོས་ཐེ་ཝན་སྲིད་འཛིན་དམ་པ་སྐུ་ཞབས་ལེ་ཏིང་ཧུའི་དང་། ཐེ་ཝན་གཞུང་མང་གཉིས་ནས་བོད་དོན་ཐོག་འགྱུར་བ་མེད་པའི་རྒྱབ་སྐྱོར་གནང་བ་རྣམས་དུས་རྟག་ཏུ་དྲན་བཞིན་ཡོད།

དམ་པ་དེ་ཉིད་མང་གཙོའི་ལམ་ལུགས་ཐོག་ནས་བདམས་ཐོན་བྱུང་བའི་ཐེ་ཝན་གྱི་སྲིད་འཛིན་དང་པོ་ཡིན་སྟབས། ཁོང་གིས་ཐེ་ཝན་མང་གཙོའི་ལམ་ལུགས་ཐོག་གོམ་སྟབས་སྤོ་རྒྱུར་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པ་མ་ཟད། ཁོང་གིས་ཕྱི་ལོ་ ༡༩༩༦ ནས་ ༢༠༠༠ བར་གྱི་སྲིད་འཛིན་གྱི་ལས་ཡུན་རིང་བསྔགས་འོས་སུ་གྱུར་བའི་དབུ་འཁྲིད་གནང་ཡོད། དམ་པ་ཁོང་གིས་རྒྱ་ནག་ནས་ཐེ་ཝན་ལ་དབང་བསྒྱུར་བྱེད་རྒྱུའི་གནད་དོན་ཐོག་གདོང་ལེན་དང་། ཐེ་ཝན་དེ་མང་གཙོ་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་། ཆེ་མཐོང་ཡོད་པའི་རྒྱལ་ཁབ་ཅིག་བཟོ་རྒྱུའི་ཕུགས་འདུན་བཅངས་པ་དེས། དམ་པ་ཁོང་ནི་གུས་བཀུར་བྱ་ཡུལ་ཞིག་དང་རིན་ཐང་ཡོད་པའི་མི་ཞིག་ཡིན་པ་མཚོན། ད་ཆ་ཐེ་ཝན་ནི་རྒྱལ་ཁབ་གཞན་དང་ལྷན་དཔུང་པ་མཉམ་གཤིབས་ཐོག་གནས་བཞིན་ཡོད། ཁོང་གི་མཛད་རྗེས་དག་གིས་ང་ཚོར་མུ་མཐུད་སེམས་ཤུགས་སྤར་ངེས་ཡིན། ངས་སླར་ཡང་དམ་པ་ཁོང་གི་ནང་མི་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན་ཞེས་འཁོད་གནང་འདུག་པ་བཅས། །