ཟླ་བ་ ༧ ཚེས ༣༡ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༣༡ རེས་གཟའ་པ་སངས།

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༢༣ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། སྐུ་ཞབས་སུ་རེ་ཤི་ཀ་ཤྱབ་ (Shri Suresh Kashyap) མཆོག་ཧི་མ་ཅཱལ་མངའ་སྡེའི་སྐབས་བཅུ་གསུམ་པའི་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་གཙོར་བསྐོ་གཞག་གནང་བར་འཚམས་འདྲི་ཞུས་གནང་འདུག

འཚམས་འཕྲིན་ནང་འཁོད་དོན། འདི་ལོའི་ཕྱི་ཟླ་གཉིས་པའི་ནང་ཧི་མ་ཅཱལ་མངའ་སྡེའི་བྷི་ལ་ས་པུར་ (Bilaspur) གྲོང་ཁྱེར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ལ་སྐུ་ཞབས་ཁྱེད་མཇལ་མོལ་གནང་རྒྱུའི་གོ་སྐབས་བྱུང་ཡོད།

ངས་གཞིས་ལུས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། རྒྱ་གར་དབུས་གཞུང་དང་མི་མང་། ལྷག་པར་དུ་ཧི་མ་ཅཱལ་མངའ་སྡེའི་གཞུང་མང་བཅས་ནས་བཙན་བྱོལ་ནང་ལོ་ངོ་དྲུག་ཅུ་ལྷག་བོད་ཀྱི་འཐབ་རྩོད་དང་། བོད་མིར་མཐུན་འགྱུར་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཞུ་རྒྱུ་ཡིན། ཧི་མ་ཅཱལ་མངའ་སྡེ་ནི་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་དང་། བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་ཆགས་ཡོད།

༧གོང་ས་མཆོག་གི་དགོངས་གཞི་ལྟར། ང་ཚོས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་བའི་ཐོག་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱེད་བཞིན་ཡོད་པ་དང་། དེ་ནི་བོད་རྒྱ་གཉིས་ཀར་ཁེ་ཕན་ཡོད་པ་ཞིག་ཡིན། དེ་བཞིན་ང་ཚོས་རྒྱ་ནག་གཞུང་གི་འགོ་འཁྲིད་དང་། ༧གོང་ས་མཆོག་གི་སྐུ་ཚབ་དབར་ཞི་བའི་གྲོས་མོལ་བསྐྱར་གསོ་ཡོང་ཐབས་བྱེད་བཞིན་ཡོད་ཀྱང་། ཕྱི་ལོ་ ༢༠༡༠ ཟླ་ ༡ པོའི་ནང་བོད་རྒྱ་འབྲེལ་མོལ་ཐེངས་དགུ་པ་གནང་བའི་རྗེས་འབྲེལ་མོལ་མཚམས་ཆད་ཡོད། ཁྱེད་ཀྱི་སྲིད་དོན་ཚོགས་པས་ཞི་བའི་གྲོས་མོལ་བསྐྱར་གསོ་ཡོང་ཐབས་དང་། བོད་ཀྱི་འཐབ་རྩོད་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡོད།

ཁྱེད་ཀྱི་སྲིད་དོན་ཚོགས་པས་ད་བར་བོད་ཀྱི་འཐབ་རྩོད་ཐོག་རྒྱབ་སྐྱོར་གནང་བཞིན་ཡོད་པ་དང་། ང་ཚོས་སྐུ་ཞབས་ཁྱེད་ཀྱི་འགོ་འཁྲིད་འོག ཁྱེད་དང་། ཁྱེད་ཀྱི་སྲིད་དོན་ཚོགས་པས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་རེ་བ་དང་ཡིད་ཆེས་ཡོད།

༧གོང་ས་མཆོག་གི་བཞེད་དགོངས་ལྟར། ང་ཚོས་བོད་རིགས་མང་ཆེ་བ་འདུ་སྡོད་བྱེད་སའི་ས་གནས་སུ་མངའ་སྡེའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བཞིན་ཡོད་པས། འབྱུང་འགྱུར་ཧི་མ་ཅཱལ་མངའ་སྡེའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་འཛུགས་གནང་ཐུབ་རྒྱུའི་རེ་བ་ཆེན་པོ་ཡོད། དེ་ནི་ང་ཚོའི་འཐབ་རྩོད་ཐོག་རྒྱབ་སྐྱོར་དང་། ལེགས་སྐྱེས་ཆེན་པོ་ཞིག་འབུལ་བ་ཆགས་ཀྱི་ཡོད། སླར་ཡང་ངས་ཁྱེད་ཀྱིས་ཚོགས་གཙོ་གནང་བའི་རིང་ཁྱེད་དང་། ཁྱེད་ཀྱི་སྲིད་དོན་ཚོགས་པའི་ལས་དོན་ཐམས་ཅད་ལམ་ལྷོངས་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་འཁོད་གནང་འདུག་པ་བཅས། །