ཟླ་བ་ ༧ ཚེས ༢ ༢༠༢༠

ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༢ རེས་གཟའ་ཕུར་བུ།

 

༄༅།  །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།   ཕྱི་ལོ་ ༢༠༡༡ ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་དབུས་གཞུང་ནས་འཛམ་གླིང་ནང་པའི་ཚོགས་སྡེ་རྣམས་ཀྱི་ཚོགས་ཆེན་ཞིག་བསྡུ་བསྐོང་གནང་ཡོད་པ་དང་། ཚོགས་ཆེན་དེའི་སྟེང་ནས་འཛམ་གླིང་ནང་པའི་ཚོགས་སྡེ་རྣམས་ཀྱི་མཉམ་མཐུན་སྒྲིག་འཛུགས། རྒྱལ་སྤྱིའི་ནང་པའི་སྤྱི་མཐུན་ལྷན་ཚོགས་ (International Buddhists Confederation) ཞེས་པ་ཞིག་གསར་འཛུགས་དང་སྦྲགས། ད་བར་ནང་པ་སངས་རྒྱས་པའི་ལྟ་སྒོམ་སྤྱོད་གསུམ་གྱི་བསླབ་བྱའི་སྒོ་ནས་འཛམ་གླིང་སྐྱེ་འགྲོ་ཡོངས་ལ་ཕན་བདེ་སྤེལ་ཐབས་གནང་བཞིན་ཡོད། ལྷག་པར་ཕྱི་ལོ་ ༢༠༢༠ ལོ་སྟོད་ནས་ནས་བཟུང་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ (COVID-19) ལ་བརྟེན་ནས་འཛམ་གླིང་ཡོངས་རྫོགས་སྡུག་བསྔལ་གྱིས་མནར་བཞིན་ཡོད་སྐབས། ཉེ་སྔོན་ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༧ ཉིན་འཕགས་པ་གནས་བརྟན་སྡེ་པའི་ལུགས་ལྟར་སྟོན་པ་བཅོམ་ལྡན་འདས་ཀྱི་དུས་ཆེན་གསུམ་འཛོམས་དང་བསྟུན་ཏེ་དྲྭ་ལམ་བརྒྱུད་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་མཆོག་དང་བསྟན་བདག་བླ་ཆེན་རྣམ་པ་ཁག་ཅིག་གིས་དབུས་རྒྱལ་སྤྱིའི་ནང་པའི་དབུ་འཁྲིད་མང་པོའི་བཀའ་སློབ་གསུང་འཕྲིན་ཡོངས་ཁྱབ་དང་། དེ་རྗེས་ཉིན་ལྔའི་རིང་རྒྱལ་སྤྱིའི་ནང་པའི་དགོན་སྡེ་བརྒྱ་ཕྲག་བརྒལ་བས་སྨོན་ལམ་མཆོད་འབུལ་གནང་ཡོད།
གནངས་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༤ ཉིན་འཕགས་པ་གནས་བརྟན་སྡེ་པའི་ལུགས་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་དང་པོ་བསྐོར་བའི་དུས་ཆེན་དང་བསྟུན་ཏེ། Dharma Chakra Day ཞེས་དྲྭ་ལམ་བརྒྱུད་ཆོས་འཁོར་དུས་ཆེན་ཧ་ཅང་ཟབ་རྒྱས་ངང་སྲུང་བརྩི་གནང་གཏན་འཁེལ་འདུག་པ་མ་ཟད། མཛད་སྒོའི་ཐོག་རྒྱ་གར་གྱི་སྲིད་འཛིན་གྱིས་གཙོས་པའི་རྒྱལ་ཁབ་ཀྱི་དབུ་འཁྲིད་མང་པོ་དང་། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་ནང་པའི་རྒྱལ་ཁབ་ཀྱི་ཆེས་མཐོའི་དབུ་འཁྲིད་བླ་ཆེན་མང་པོས་གསུང་བཤད་གནང་རྒྱུ་དང་། དེ་འཕྲལ་གནས་མཆོག་ཝཱ་རཱ་ཎ་སི་ནས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་དང་འཕགས་པ་གནས་བརྟན་སྡེ་པའི་ཚོགས་སྡེ་ཁག་ཟུང་འབྲེལ་གྱི་ཐོག་ནས་སྨོན་ལམ་གསུང་འདོན་སོགས་ཀྱི་ལས་རིམ་ཁག་ཅིག་ཐད་སྲིང་གནང་གཏན་འཁེལ་འདུག་ན། རང་རིགས་དོན་གཉེར་ཅན་ཡོངས་ནས་ལས་རིམ་དེ་དག་དྲྭ་ཚིགས་ www.ibcworld.org བརྒྱུད་གསན་གཟིགས་ཀྱིས་བདེན་བཞི་ཆོས་འཁོར་གྱི་བསླབ་བྱ་སྙིང་པོ་གོ་རྟོགས་དང་ཉམས་ལེན་ཐུབ་ཐབས་གནང་སྟེ། འཕྲལ་དུ་ནད་ཡམས་ཀྱི་སྡུག་བསྔལ་གདོང་ལེན་ཐུབ་ཐབས་དང་། ཕུགས་སུ་རང་གི་མི་ཚེ་དོན་ལྡན་ཡོང་ཐབས་གནང་གལ་ཆེ་བའི་དགེ་བསྐུལ་གསལ་བསྒྲགས་སུ། ཆོས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༢ ལ།།