ཟླ་བ་ ༧ ཚེས ༡༧ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༧ རེས་གཟའ་པ་སངས།

༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༧ རེས་གཟའ་པ་སངས་ཉིན་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་བློན་ཆེན་སྐུ་ཞབས་སར་ཝ་ནྣཏ་སོ་ནོ་ཝལ་ Sarbananda Sonowal མཆོག་ལ་ཉེ་ཆར་ཨ་སམ་མངའ་སྡེའི་ནང་ཆར་ཞོད་ཆེན་པོ་བབས་པར་བརྟེན། མི་རྒྱུ་གཉིས་ལ་གོད་ཆག་ཆེན་པོ་བྱུང་བར་གདུང་སེམས་མཉམ་སྐྱེའི་གསུང་འཕྲིན་ཞིག་བསྩལ་བའི་ནང་འཁོད་དོན། ལོ་ལྟར་ཆར་དུས་སྐབས་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེ་སོགས་རྒྱ་གར་གྱི་ས་ཁུལ་དུ་མར་ཆར་ཞོད་ཆེན་པོ་བབས་པའི་རྐྱེན་གྱིས་མི་རྒྱུ་གཉིས་ལ་གོད་ཆག་དང་དཀའ་ངལ་ཆེན་པོ་འབྱུང་བཞིན་ཡོད། སྟབས་མ་ལེགས་པ་ཞིག་འདི་ལོར་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་དཀའ་ངལ་འཕར་མ་བཟོས་ཡོད། སྐུ་ཉིད་མཆོག་གི་མངའ་སྡེའི་ས་ཁུལ་ཁག་མང་པོ་ཞིག་གི་ནང་ཉེ་ལམ་ཆུ་རུད་ཀྱི་གོད་ཆག་ཚབས་ཆེན་འོག་མི་མང་པོའི་ཚེ་སྲོག་ཤོར་བ་དང་། སྡོད་ཁང་སོགས་རྒྱུ་ནོར་ཧ་ཅང་མང་པོ་གཏོར་བཤིག་ཕྱིན་པར་ངོས་ཀྱིས་བློ་ཕམ་དང་སྦྲགས་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན། མངའ་སྡེ་གཞུང་གིས་ཛ་དྲག་ངལ་སེལ་རོགས་སྐྱོར་ལས་གཞི་ཚགས་ཚུད་ངང་སྤེལ་བཞིན་ཡོད་པར་ཡི་རངས་བསྔགས་བརྗོད་དང་འབྲེལ་ངོས་ཀྱིས་མངའ་སྡེའི་མི་མང་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་ངལ་སེལ་ལས་གཞིར་དམིགས་ནས་ཏཱ་ལའི་བླ་མའི་ཐེབས་རྩ་བརྒྱུད་ཞལ་འདེབས་འབུལ་རྒྱུ་ཡིན།

སྐུ་ཉིད་བརྒྱུད་ཆུ་རུད་ཀྱི་གོད་ཆག་འོག་འདས་གྲོངས་སུ་གྱུར་བ་རྣམས་ཀྱི་ཤུལ་ལུས་ནང་མི་དང་སྤུན་མཆེད། ལྷག་པར་ཆུ་རུད་ཀྱི་གོད་ཆག་འོག་དཀའ་སྡུག་མྱོང་བཞིན་པ་རྣམས་ལ་སེམས་གསོ་ཞུ་རྒྱུ་ཡིན། ཞེས་འཁོད། །

                    གསུང་འཕྲིན་ངོ་མ་ཨིན་ཡིག་ནས་ཕྱི་དྲིལ་བོད་ཡིག་ཚན་པས་ཕབ་སྒྱུར་ཞུས། ཨིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།