ཟླ་བ་ ༦ ཚེས ༢༦ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢༦ རེས་གཟའ་པ་སངས། 

༄༅། །འདི་གར་ཨོ་ཌི་ཤ་ཕུན་ཚོགས་གླིང་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢༢ ནས་ ༢༤ བར་ཉིན་གྲངས་གསུམ་རིང་ཨོ་ཌི་ཤ་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ཆོས་ནོར་བསམ་གྲུབ་ལགས་དང་ས་འགོ་ལས་ཚབ་སོ་ནམ་སློབ་སྟོན་པ་ཐུབ་བསྟན་ལགས་གཉིས་དབར་རྩིས་སྤྲོད་རྩིས་ལེན་གནང་ཡོད། 

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་   ༡༠  ཐོག་བསྟན་སྲུང་དམར་ནག་གཉིས་ཀྱི་རྟེན་མཁར་དུ་ས་གནས་འགོ་འཛིན་ཆོས་ནོར་བསམ་གྲུབ་ལགས་དང་ས་འགོ་ལས་ཚབ་སོ་ནམ་སློབ་སྟོན་པ་ཐུབ་བསྟན་ལགས། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་སྤྲོད་དཔང་མཉམ་འབྲེལ་དྲུང་ཆེ་ཚེ་རིང་ཕུན་ཚོགས་ལགས་བཅས་གནས་གཟིགས་ཕེབས་ཡོད། དེ་ནས་གཞིས་གྲོང་དང་པོའི་སེར་བྱེས་བདེ་ཆེན་གླིང་དགོན་དུ་གནས་མཇལ་གྲུབ་རྗེས་ཆུ་ཚོད་ ༡༡ ཐོག་ནང་སྲིད་སྐུ་ཚབ་སྤྲོད་དཔང་མཉམ་འབྲེལ་དྲུང་ཆེ་ཚེ་རིང་ཕུན་ཚོགས་ལགས་མཉམ་ཞུགས་ཐོག་ས་གནས་འགོ་འཛིན་ཆོས་ནོར་བསམ་གྲུབ་ལགས་ཀྱིས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་བདག་འཛིན་རྩ་འཛིན་འོག་གལ་ཆེ་ཡིག་སྣོད་ཁག་ས་འགོ་ལས་ཚབ་སོ་ནམ་སློབ་སྟོན་པ་ཐུབ་བསྟན་ལགས་སུ་རྩིས་ལེན་རྩིས་སྤྲོད་གནང་།

ཉིན་རྒྱབ་ཆུ་ཚོད་ ༢  ཐོག་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང༌། རྩིས་པ། སོ་ནམ་སློབ་སྟོན་པ། དངུལ་གཉེར།  རྒས་གསོ་ཁང་གི་འགན་འཛིན། ཀེ་ལཤ་སློབ་ཕྲུག་ཉལ་ཁང་གི་འགན་འཛིན། ཡིག་གད་བཅས་ཀྱི་བདག་གཉེར་དུ་ཡོད་པའི་ཡིག་སྣོད་དང་ཅ་དངོས་རྩིས་ཁྲ་ཁག་ལ་ས་གནས་འགོ་འཛིན་ཆོས་ནོར་བསམ་གྲུབ་ལགས་དང་ས་འགོ་ལས་ཚབ་སོ་ནམ་སློབ་སྟོན་པ་ཐུབ་བསྟན་ལགས་གཉིས་ནས་དག་མཆན་མཚན་རྟགས་བཀོད་ཡོད།

ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོར་ས་གནས་འགོ་འཛིན་དང་ས་འགོ་ལས་ཚབ། ས་འཐུས་ཚོགས་གཞོན། ས་གནས་རང་བདེན་ཚོགས་གཙོ། སྃ་བྷོ་ཌ་སློབ་སྤྱི། སྨན་ལྷ་སྨན་ཁང་འགན་འཛིན། སྨན་པ། སྨན་རྩིས་ཁང་གི་སྨན་པ། གཞོན་ནུ་ཚོགས་གཙོ། བུད་མེད་ཚོགས་གཙོ། སྤྱི་མི་རྣམ་པ། གཞིས་མཉམ་གཉིས་ཀྱི་ལས་བྱེད་བཅས་ལྷན་འཛོམས་ཐོག་ས་འཐུས་ཚོགས་གཙོ་ཚེ་རིང་ཕུན་ཚོགས་ལགས་ཀྱིས་འདི་ལོར་ལས་བྱེད་ཀྱི་ལས་ཤག་གསར་རྒྱག་ལེགས་གྲུབ་ཟིན་པ་དེ་དབུ་འབྱེད་གནང་རྗེས་རྟེན་འབྲེལ་མཚོན་བྱེད་མངར་ཟས་བགོ་བགྲེམས་ཞུས་ཡོད།

དེ་ནས་ཆུ་ཚོད་  ༡༡ ས་གནས་འགོ་འཛིན་ལས་ཁུངས་དང་། ཁྱབ་ཁོངས་རྒས་གསོ་ཁང་དང་ཀེ་ལཤ་སློབ་ཕྲུག་ཉལ་ཁང་གི་རྩིས་ཁྲ་དང་གལ་ཆེ་ཡིག་སྣོད་ཁག་རྩིས་སྤྲོད་གནང་། ཕྱི་ཚེས་ ༢༤ ཉིན་ས་གནས་འཐུས་ཚོགས་ཀྱི་ཚོགས་ཁང་དུ་བཞུགས་མོལ་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཡོད། སྐབས་དེར་ས་འཐུས་ཚོགས་གཙོ་དང་ཚོགས་མི། ས་གནས་རང་བདེན་ཚོགས་གཙོ། དགོན་སྡེ་ཁག་གི་སྐུ་ཚབ། མཉམ་འབྲེལ་དྲུང་ཆེ། སྃ་བྷོ་ཌ་སློབ་སྤྱི། སྨན་ལྷ་སྨན་ཁང་འགན་འཛིན་དང་སྨན་པ། སྨན་རྩིས་ཁང་གི་སྨན་པ། གཞིས་མཉམ་གཉིས་ཀྱི་ལས་བྱེད། གཞོན་ནུ་ཚོགས་གཙོ། བུ་མེད་ཚོགས་གཙོ། གཞིས་གྲོང་ཁག་ལྔའི་སྤྱི་མི་བཅས་ཕེབས་ཡོད། དེ་ནས་ས་གནས་འགོ་འཛིན་ཟུར་པ་ཆོས་ནོས་བསམ་གྲུབ་ལགས་ཀྱིས་ལས་བསྡོམས་སྒྲོགས་སྦྱང་དང་སྦྲགས། བརྙན་སྟོན་བརྒྱུད་གསུང་བཤད་གནང་རྗེས་ས་འགོ་ལས་ཚབ་ཐུབ་བསྟན་ལགས་ཀྱིས་གསུང་བཤད་གནང་། དེ་ནས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཕུན་ཚོགས་ལགས་དང་སྤྲོད་དཔང་ཚེ་རིང་ཕུན་ཚོགས་ལགས་རྣམ་གཉིས་ནས་གསུང་བཤད་གནང་ཡོད་པ་བཅས། །

Share with your friends










Submit