གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢༢ རེས་གཟའ་ཟླ་བ། 

༄༅། །འདི་གར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། རྒྱ་གར་རྒྱལ་ཡོངས་ནང་ད་ཆ་ཏོག་དབྱིབས་གཉན་རིམས་ ༡༩ ཛ་དྲག་ཆེ་རུ་འགྲོ་བཞིན་པའི་དུས་ཚོད་འདིར་རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་འཕྲོད་བསྟེན་ཚོགས་ཆུང་གི་ཚོགས་གཙོ་ས་གནས་འགོ་འཛིན་ཐུབ་བསྟན་ཚེ་རིང་ལགས་ཀྱིས་སྣེ་འཁྲིད་པའི་ཐོག་དེ་གའི་ས་གནས་ཀྱི་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་པའི་བོད་མི་རྣམས་ལ་གཉན་རིམས་ Covid-19 ནད་འབུ་ཡོད་མེད་བརྟག་དཔྱད་བྱ་ཆེད་མི་རྣམས་ཀྱི་སྣ་མིད་ནས་མཆིལ་མ་ལེན་རྒྱུ་ (Swab sample collection) དེ་ས་གནས་ཀྱི་སྨན་ཞབས་པར་སྦྱོང་བརྡར་སྤྲོད་ནས་གནང་རྒྱུ་ཡིན་པ་རེད། 

འདི་ལྟ་བུའི་ལས་གཞི་དེ་གཙོ་བོ་ས་གནས་སུ་ནད་ཡམས་ཁྱབ་གདལ་སྔོན་འགོག་ཡོང་ཐབས་དང་། དེ་བཞིན་ཟུར་བཀག་ཏུ་བཞུགས་པ་རྣམས་རྫོང་གི་སྨན་ཁང་ནས་བརྟག་དཔྱད་བྱེད་མི་ཡོང་སྒུག་སྡོད་མི་དགོས་པར་གཞིས་མི་སོ་སོས་བརྟག་དཔྱད་ཆེད་མཆིལ་མ་བསྡུ་ལེན་གྱིས་རྫོང་གི་སྨན་ཁང་དུ་བརྟག་དཔྱད་ཆེད་གཏོང་ཐུབ་ན་དུས་ཚོད་མ་འགྱངས་པའི་ཆེད་དུ་དམིགས་པ་རེད། ཅེས་ཕན་བདེ་སྨན་ཁང་གི་འགན་འཛིན་བསོད་ནམས་གཡུལ་རྒྱལ་ལགས་ཀྱིས་འགྲེལ་བརྗོད་གནང་ཡོད། 

དེ་གའི་ས་གནས་ཕན་བདེ་སྨན་ཁང་གི་འཕྲོད་ལས་རིག་འཛོན་ཆོས་སྒྲོན་ལགས་དང་། བསྟན་འཛིན་ཚེ་རིང་ལགས། ཚེ་རིང་སྐྱིད་ལགས་བཅས་གསུམ་ནས་ལྷག་བསམ་གཞན་ཕན་གྱིས་དང་དུ་བླངས་ནས་དེ་གའི་ས་གནས་སུ་འགོག་དབྱེ་ཟུར་འཇོག་ཏུ་བཞུགས་མཁན་མི་རྣམས་ལ་ནད་འབུ་ཡོད་མེད་བརྟག་ཞིབ་ཆེད་མི་རྣམས་ཀྱི་སྣ་མིད་ནས་མཆིལ་མ་ལེན་རྒྱུའི་ལས་འགན་གཙོ་བོ་དེ་ཁོང་གསུམ་ནས་བཞེས་ཡོད་པ་རེད། ད་ལྟའི་ཛ་དྲག་གི་གནས་སྟངས་དང་དུས་སྐབས་འདིར་རང་དོན་བཞག་ནས་གཞན་ཕན་སླད་མདུན་མཆོང་གནང་མཁན་དང་ཞབས་ལས་བྱེད་ཚང་མར་དཔལ་ལྡན་སྲིད་སྐྱོང་མཆོག་ནས་ཀྱང་ཁ་ཉིན་གསར་འགོད་གསལ་བསྒྲགས་ཐོག་བསྔགས་བརྗོད་ཡི་རངས་ཤུགས་ཆེ་གནང་ཡོད། 

སྐུ་ཞབས་གཡུལ་རྒྱལ་ལགས་ནས་གསུངས་དོན། ནད་འབུ་ཡོད་མེད་བརྟག་དཔྱད་ཆེད་མིའི་སྣ་མིད་ནས་མཆིལ་ལ་ལེན་རྒྱུའི་ཆེད་སྦྱོང་བརྡར་ངེས་པར་དགོས་སྟབས་དེ་གའི་འགོག་དབྱེ་ཟུར་འཇོག་ཁང་དུ་ས་གནས་རྫོང་གི་ Covid རུ་ཁག་ལས་མི་རྣམས་ནས་གཞི་རྩའི་སྦྱོང་བརྡོར་སྤྲོད་ཡོད་པ་དང་། དངོས་གཞིའི་སྦྱོང་བརྡར་དེ་ས་གནས་རྫོང་གི་ Covid centre ལ་སྤྲོད་རྒྱུ་ཡིན་པ་རེད། 

ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་སུ་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་རྣམས་ཀྱི་སྣ་མིད་ནས་མཆིལ་མ་བསྡུ་ལེན་ཆེད་བརྟག་དཔྱད་ཁང་ཆུང་ཆུང་ཞིག་ཟུར་འཛུགས་གནང་ཡོད་པ་དང་དེའི་ནང་གི་ཡོ་བྱད་གཞན་རྣམས་ཀྱང་གྲ་སྒྲིག་གནང་ཡོད་པ་རེད། 

དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་ནས་ད་ལན་ཧོན་སུར་རབ་རྒྱས་གླིང་གི་ཛ་དྲག་འཕྲོད་བསྟེན་ཚོགས་ཆུང་ནས་འདི་ལྟའི་ལས་གཞི་སྣེ་འཁྲིད་གནང་བར་བསྔགས་བརྗོད་གནང་བ་དང་སྦྲགས་གལ་ཏེ་དེ་ལྟའི་ལས་གཞི་དེ་ཚག་ཚུད་ཡག་པོ་བྱུང་བ་ཡིན་ན་དེ་ལ་མིག་ལྟོས་ཀྱིས་བོད་མིའི་གཞི་ཆགས་གཞན་ནང་འགོག་དབྱེ་ཟུར་འཇོག་ཁང་ཡོད་པ་རྣམས་ལ་དེ་ལྟར་ཡོང་མིན་གཟིགས་རྒྱུ་ཡིན། ད་ལན་ལས་གཞི་འདི་གཙོ་བོ་ས་གནས་རྫོང་གཞུང་གི་འཕྲོད་བསྟེན་ལས་གཙོ་ Dr. Keerthi kumar དང་ས་གནས་ཀྱི་གཞི་རིམ་འཕྲོད་བསྟེན་སྨན་ཁང་གི་ Dr. Rajesh B དང་ལས་མི་རུ་ཁག་བཅས་ནས་དགོངས་བཞེས་མཐུན་འགྱུར་གནང་ཡོད་ན་འདི་ནས་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། །

Share with your friends










Submit