ཟླ་བ་ ༦ ཚེས ༢༦ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢༦ རེས་གཟའ་པ་སངས། 

༄༅།  །ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢༦ རེས་གཟའ་པ་སངས་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་རྒྱ་གར་ཧར་ཡ་ན་མངའ་སྡེའི་གུ་རུ་གྷ་རམ་དུ་རྟེན་གཞི་བྱས་པའི་ཨ་མི་ཊི་གཙུག་ལག་སློབ་གཉེར་ཁང་ Amity University གི་སློབ་ཕྲུག་རྣམས་བཀའ་སློབ་སྩལ་དོན།  དེ་རིང་རྣམ་པ་ཚོ་དང་ལྷན་བཀའ་མོལ་གནང་རྒྱུ་དང་བསམ་ཚུལ་བརྗེ་ལེན་བྱ་རྒྱུའི་གོ་སྐབས་ཐོབ་པར་ངོས་རང་ཧ་ཅང་དགའ་པོ་བྱུང་།  ངོས་ཀྱིས་རྒྱུན་དུ་རྒྱ་གར་མཆེད་གྲོགས་ཕོ་མོ་རྣམས་སྙིང་ཉེ་བོ་ཞིག་ཏུ་རྩི་འཇོག་བྱེད་ཀྱི་ཡོད། གང་ལ་ཞེ་ན། ངོས་རང་དཔལ་ན་ལེནྡྲའི་གནའ་རབས་ཀྱི་ལེགས་བྱང་ལ་སློབ་གཉེར་བྱེད་མཁན་གྱི་སློབ་ཕྲུག་ཅིག་ཡིན།

དུས་རབས་བརྒྱད་པའི་ནང་བོད་ཀྱི་རྒྱལ་པོ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་བོད་དང་རྒྱ་ནག་གོང་མ་བར་འབྲེལ་བ་གཏིང་ཟབ་ཡོད་པ་མ་ཟད། རྒྱ་ནག་ནང་ནང་ཆོས་ཀྱིས་ཤུགས་རྐྱེན་ཧ་ཅང་ཆེན་པོ་བྱུང་ཡོད། དུས་ད་ལྟ་ཡིན་ནའང་ཁོང་ཚོས་སྒོམ་བརྒྱབ་པ་མ་གཏོགས་ནང་ཆོས་ཉམས་ལེན་བྱེད་ཀྱི་མེད། ཆོས་རྒྱལ་གྱིས་དཔལ་ནཱ་ལེནྡྲ་ནས་མཁན་ཆེན་ཞི་བ་འཚོ་གདན་འདྲེན་ཞུས་པ་རེད། ཁོང་ནི་ཚད་མ་རིག་པའི་ལྟ་གྲུབ་སྨྲ་བའི་སློབ་དཔོན་ཆེན་པོ་ཞིག་རེད། དབུ་མའི་གཞུང་ལ་ཧ་ཅང་གི་མཁས་པ་ཆེན་པོ་རེད།  མཁན་ཆེན་ཞི་བ་འཚོ་སྐབས་དེར་རྒྱ་གར་ནཱ་ལེནྡྲ་གཙུག་ལག་སློབ་གཉེར་ཁང་ནང་མཁས་པའི་ཁྱུ་མཆོག་ཡིན་འདུག དེར་བརྟེན་ང་ཚོ་ནི་རྒྱ་གར་སྲོལ་རྒྱུན་དཔལ་ནཱ་ལེནྡྲའི་ལེགས་བཤད་ལ་སློབ་སྦྱོང་བྱེད་མཁན་གྱི་སློབ་མ་ཞིག་ཡིན།

ཚང་མའི་མཁྱེན་གསལ་ལྟར། ལོ་ངོ་གསུམ་སྟོང་གོང་ནས་རྒྱ་གར་ནང་འཚེ་མེད་ཞི་བའི་ལྟ་གྲུབ་དང་སྙིང་རྗེ་སྐོར་བཤད་ཀྱི་ཡོད། འཚེ་མེད་ཞི་བའི་ལྟ་གྲུབ་དང་སྙིང་རྗེ་ཉམས་ལེན་བྱེད་མཁན་སྟོན་པ་ཤཱཀྱ་ཐུབ་པ་ནི་རྒྱ་གར་ནས་བྱུང་བ་རེད། སེམས་ཞི་གནས་དང་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་དཔྱད་པ་བྱེད་རྒྱུའི་ལྷག་མཐོང་ཟེར་ནའང་མི་འདུག གང་ལྟར་དཔྱད་སྒོམ་བྱ་རྒྱུ་དེ་རྒྱ་གར་ནང་སྔ་མོ་ནས་ཡོད་པ་ཞིག་རེད།

འཛམ་གླིང་ནང་མི་འབོར་མང་ཤོས་རྒྱ་ནག་ཡིན་པ་དང་རྒྱ་གར་ནི་གཉིས་པ་རེད། རྒྱ་ནག་ནི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ཡང་ཆབ་སྲིད་ཀྱི་གནས་སྟངས་ནི་སྲིད་དབང་སྒེར་འཛིན་གྱི་རིང་ལུགས་ཡིན། རྒྱ་གར་ནི་མི་འབོར་ཐེར་འབུམ་ཡོད་པའི་མང་གཙོ་དང་རང་དབང་གི་རྒྱལ་ཁབ་ཅིག་རེད། བོད་མི་བརྒྱ་ཆ་ ༩༠ ལྷག་ཙམ་ནང་པའི་ཆོས་ཉམས་ལེན་བྱེད་ཀྱི་ཡོད་སྟབས། ང་ཚོས་རྒྱ་གར་ནི་འཕགས་ཡུལ་ལྟ་བུར་རྩི་འཇོག་བྱེད་ཀྱི་ཡོད། ཁ་ཆེ་ཆོས་པ་མང་པོ་ཞིག་ཁ་ཆེའི་གནས་ཆེན་མ་ཁར་ Mecca གནས་མཇལ་དུ་འགྲོ་ཡི་ཡོད་པ་ལྟར། བོད་མི་རྣམས་མི་ཚེའི་ནང་ཐེངས་གཅིག་རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་ཆོས་མཇལ་ལ་འགྲོ་སྲོལ་ཡོད་པ་རེད། བོད་དང་རྒྱ་གར་དབར་དམིགས་བསལ་གྱི་འབྲེལ་བ་གཏིང་ཟབ་ཞིག་ཡོད།

རྒྱ་གར་དང་བོད་ཀྱི་འབྲེལ་བ་ནི་ཆབ་སྲིད་དང་དཔལ་འབྱོར་གྱི་འབྲེལ་བ་ཙམ་མིན་པར་དགེ་རྒན་དང་དགེ་ཕྲུག་གི་འབྲེལ་བ་ཧ་ཅང་གལ་ཆེན་པོ་ཞིག་ཡིན། དེ་སྔ་ཡིན་ན་རྒྱ་གར་ནི་ང་ཚོའི་དགེ་རྒན་ཡིན། ད་ཆ་དགེ་རྒན་ཡིན་མིན་བརྗོད་ཐབས་དཀའ། ༼ བཞད་མོ་ཞད། ༽

ང་ཚོས་རྒྱ་གར་གནའ་རབས་ཀྱི་ལེགས་བྱང་ཐོག་སློབ་གཉེར་བྱས་ཏེ་ལོ་ངོ་སྟོང་ཕྲག་མང་པོའི་རིང་ནས་ད་བར་ལེགས་བྱང་དེ་དག་ཉར་ཚགས་བྱས་ཡོད། ད་ཆ་རྒྱ་གར་བ་རྣམས་ནས་དེང་དུས་ཀྱི་ཤེས་ཡོན་དང་ཕྱི་དངོས་པོའི་མཐུན་རྐྱེན་ཡར་རྒྱས་ཁོ་ནར་དམིགས་པ་མ་གཏོགས་རྒྱ་གར་གནའ་རབས་ཀྱི་ལེགས་བྱང་ཐོག་དེ་ཙམ་དོ་སྣང་བྱེད་ཀྱི་མི་འདུག  མཁན་ཆེན་ཞི་བ་འཚོས་དཔལ་ནཱ་ལེནྡྲའི་ལེགས་བྱང་ལ་གཞི་བཅོལ་ནས་བོད་དུ་སངས་རྒྱས་ཀྱི་བསྟན་པ་ཐོག་མ་དར་སྤེལ་མཛད་ཡོད་སྐོར་སོགས་དང་། ང་ཚོས་དད་པ་ཙམ་གྱིས་རྗེས་སུ་མ་འབྲངས་པར་ནང་པའི་ཆོས་ལ་བརྟག་དཔྱད་དང་། སློབ་སྦྱོང་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། སྟོན་པ་རང་ཉིད་ནས་ཀྱང་སངས་རྒྱས་ཀྱི་ཆོས་ལ་བརྟག་དཔྱད་བྱེད་དགོས་པ་གསུང་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་བསྟུན་དྲི་བ་ཁག་ལ་བཀའ་ལན་སྩལ། །

Share with your friends










Submit