ཟླ་བ་ ༦ ཚེས ༢༢ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢༢ རེས་གཟའ་ཟླ་བ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢༠ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྒྱུད།  ཀཱ་རོ་ལའེ་ཇེ་ཁོ་ཕུ་སུ་ Carolyn Jacobs  ལགས་ཀྱི་གཙོ་སྐྱོང་འོག ཨ་རིའི་གྲོང་ཁྱེར་མེ་ཌི་སན་ནང་རྟེན་གཞི་བྱས་པའི་ཝི་སི་ཀོན་སན་གཙུག་ལག་སློབ་གཉེར་ཁང་གི་སེམས་ཁམས་རིག་པ་དང་དབང་རྩ་རིག་པའི་སློབ་དཔོན་ཆེན་མོ་དང་། སློབ་གཉེར་ཁང་དེའི་སེམས་ཁམས་བདེ་གནས་ཀྱི་བསྟི་གནས་ཁང་གསར་གཏོད་གནང་མཁན་དང་གཙོ་འཛིན་ཡིན་པ་ཚན་རིག་པ་གྲགས་ཅན་རི་ཆར་དྲེ་ཝིཌ་སན་ Richie Davidsonལགས་དང་ལྷན་དུ་བགྲོ་གླེང་མཛད་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཐོག་མགོན་པོ་གང་ཉིད་མཆོག་གིས་འཚམས་འདྲི་དང་འབྲེལ་བཀའ་སློབ་སྩལ་དོན། ལུས་པོའི་ཆ་ནས་ང་ཚོ་ས་ཐག་རིང་པོ་ཡོད་ནའང་ད་རེས་དྲ་རྒྱའི་བརྒྱུད་མཉམ་འཛོམས་ཐུབ་པ་ཧ་ཅང་དགའ་པོ་བྱུང་། ནམ་རྒྱུན་ངོས་ཀྱིས་མི་མང་པོར་ཐུག་འཕྲད་སྐབས་ངོས་རང་ལོ་ག་ཚོད་ཡིན་འདུག་གམ་ཞེས་དྲིས་དུས། མང་པོ་ཞིག་གིས་ལོ་ ༦༠་་་༧༠ ནང་ཡིན་པ་འདྲ་བོ་འདུག་ཅེས་ལན་རྒྱག་གི་འདུག ད་ལྟ་ངོས་རང་ལོ་ ༨༥ ཡིན་ཡང་གཟུགས་པོའི་གནས་སྟངས་ཆ་ནས་ཧ་ཅང་བདེ་ཐང་ཡིན། ངོས་ཀྱིས་གཙོ་བོ་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་གཏོང་བཞིན་ཡོད། 

ངོས་ཀྱིས་སྨོན་ལམ་གཙོ་བོ་ནི། ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས།  །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག ཅེས་སྨོན་ལམ་འདི་རྟག་ཏུ་རྒྱག་བཞིན་ཡོད། མི་ཚེ་འདིའི་ནང་བྱང་ཆུབ་ཀྱི་སེམས་བསྒོམས་པ་ལ་བརྟེན་ནས་ངོས་རང་དང་། ལྷག་པར་མི་མང་པོ་ཞིག་ལ་ཕན་ཐོགས་ཡོང་ན་བསམ་པ་ནང་བཞིན། མི་གཞན་ལ་ཕན་ཐོགས་ཡོང་གི་ཡོད་པའི་ཚོར་སྣང་ཡོང་གི་འདུག པཎ་ཆེན་སྐུ་ཕྲེང་དང་པོ་དགུང་ལོ་ ༡༠༨ བར་བཞུགས་པ་རེད། ངོས་ཀྱི་གྲོགས་པོ་མང་པོ་ཞིག་གིས་ངོས་རང་པཎ་ཆེན་བློ་བཟང་ཆོས་རྒྱལ་ནང་ལྟར་སྐུ་ཚེ་བརྟན་དགོས་སྐོར་གསུང་མཁན་ཡོད། འདི་ནི་ཕལ་ཆེར་ཁ་ཡོད་ལག་ཡོད་རེད་སྙམ་པ་དྲན་བཞིན་ཡོད། དེར་བརྟེན་ངོས་རང་ལོ་ཉི་ཤུ་སུམ་ཅུ་རིང་མུ་མཐུད་གནས་ཐུབ་པའི་རེ་བ་ཡོད།

སེམས་དང་སྲོག་གི་ཚོགས་པ་ལ་བརྟེན་ནས་ལོ་མང་རིང་ང་ཚོས་ཚོགས་འདུ་མང་པོ་ཚོགས་ནས་ཚན་རིག་པ་མང་པོ་དང་ལྷན་དུ་མཉམ་མྱོང་དང་ཤེས་ཡོན་བརྗེ་ལེན་བྱེད་རྒྱུའི་གོ་སྐབས་བྱུང་བ་བརྒྱུད་འཇིག་རྟེན་སྤྱི་ལ་ཕན་ཐོགས་དང་ཤེས་བྱ་རྒྱ་སྐྱེད་ཡོང་བར་ཕན་ཐོགས་བྱུང་ཡོད། དེ་ལ་བརྟེན་ནས་འགྲོ་བ་མིའི་ནང་སེམས་ཀྱི་བདེ་སྐྱིད་བསྐྲུན་ཐབས་སླད་ཞབས་འདེགས་མང་པོ་བསྐྲུན་ཡོད། ད་ལྟ་ང་ཚོ་གཟུགས་པོའི་ཆ་ནས་ཐག་རིང་པོ་ཡོད་ནའང་འཕྲུལ་ཆས་ཀྱི་གྲོགས་ལ་བརྟེན་ནས་འཇིག་རྟེན་འདིའི་ནང་གནས་པའི་མི་མང་པོ་ཞིག་ལ་སྙོབ་ཐུབ་ཀྱི་ཡོད། དེང་དུས་ཀྱི་འཕྲུལ་ཆས་འདི་ཧ་ཅང་ཕན་ཐོགས་ཆེན་པོ་འདུག

ད་ལྟའི་དུས་སུ་ནད་ཡམས་འདི་ཧ་ཅང་ཛ་དྲག་ཆེན་པོ་ཡིན་པར་བརྟེན་ཚན་རིག་པ་དང་མཁས་ལས་པ་མང་པོ་ཞིག་གིས་འགྲོ་བ་མིའི་འཕྲོད་བསྟེན་དང་འབྲེལ་བའི་ཐོག་ལ་སེམས་ཁུར་གནང་བཞིན་ཡོད་སྟབས། དེ་དག་ལ་ངོས་ཀྱིས་རྗེས་སུ་ཡི་རང་མ་གཏོགས་གཞན་དམིགས་བསལ་ཞུ་རྒྱུ་གང་ཡང་མེད། ལྷག་པར་ཆེད་ལས་པ་མང་པོ་ཞིག་གིས་རང་གི་ལུས་སྲོག་ལ་ཉེན་ཁ་ཡོད་བཞིན་དུ་ཉེན་ཁ་ལ་མ་འཛེམས་པར་གཞན་གྱི་སྲོག་སྐྱོབ་ཐབས་གནང་བཞིན་ཡོད་པ་དེ་དག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བསམ་བློའི་ནང་དངངས་སྐྲག་སོགས་ལ་བརྟེན་ནས་ནད་ཡམས་འདི་ཕོག་ཉེན་ཆེ་བ་ཡོང་སྲིད། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་ཇི་སྐད་དུ། གལ་ཏེ་བཅོས་སུ་ཡོད་ན་ནི།། དེ་ལ་མི་དགར་ཅི་ཞིག་ཡོད།། གལ་ཏེ་བཅོས་སུ་མེད་ན་ནི།། དེ་ལ་མི་དགར་བྱས་ཅི་ཕན།། ཞེས་པ་ལྟར་ཡིན་པས་དངངས་སྐྲག་བྱ་དགོས་དོན་མེད།

ཕྱོགས་གཞན་ཞིག་ནས་དེང་སྐབས་འཛམ་གླིང་ནང་ཚ་དྲོད་རྒྱས་པར་བརྟེན་ཛ་དྲག་དཀའ་ངལ་ཇེ་ཆེར་འགྲོ་བཞིན་ཡོད། མཁས་དབང་ཁ་ཤས་ཀྱིས་ལོ་བཅུ་དང་ཉི་ཤུའི་མཚམས་སུ་ཚ་དྲོད་འཕེལ་ནས་བྱེ་ཐང་ལྟ་བུ་འགྱུར་ཉེན་ཆེན་པོ་ཡོད་སྐོར་གསུང་བཞིན་ཡོད། འདི་ནི་སེམས་ཁུར་བྱེད་དགོས་པའི་དཀའ་ངལ་ཞིག་ཆགས་ཡོད། འཛམ་གླིང་འདིའི་ནང་གི་དཀའ་ངལ་ཕལ་ཆེ་བ་མིས་བཟོས་པའི་དཀའ་ངལ་ཆགས་ཀྱི་ཡོད། དཔེར་ན། དེང་སྐབས་ཨ་རིའི་ནང་མི་རིགས་དབྱེ་འབྱེད་ཀྱི་དཀའ་ངལ་འཕྲད་བཞིན་པ་དེ་དག་ང་ཚོའི་བསམ་བློ་མཁྱེར་སོ་དང་ཐད་ཀར་འབྲེལ་བ་ཆེན་པོ་ཡོད།  དེར་བརྟེན་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་གཏོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། འདི་ནི་ངོས་ཀྱི་དམ་བཅའ་བཞིའི་ནང་གཅིག་ཡིན།

ང་ཚོ་ཚང་མ་ཐོག་མར་སྐྱེས་སྟངས་དང་མཐར་འཆི་སྟངས་ཀྱང་གཅིག་མཚུངས་རེད། དེར་བརྟེན་འཚོ་བའི་རིང་ལ་མི་འདྲ་བ་ཕྲན་བུ་ཡོང་ཆོག འོན་ཀྱང་གཙོ་ཆེ་ཤོས་ང་ཚོ་ཚང་མ་འགྲོ་བ་མི་གཅིག་མཚུངས་ཡིན།  དངོས་ཡོད་གནས་ཚུལ་ལ་ང་ཚོ་དང་ཁོ་པ་ཚོ། ཞེས་ཟེར་ནས་དབྱེ་འབྱེད་ཤུགས་ཆེ་བྱེད་པ་ལ་བརྟེན་ནས་དཀའ་ངལ་མང་པོ་ཞིག་ཡོང་བཞིན་ཡོད། དེ་ནི་རྗེས་ལུས་ཀྱི་བསམ་བློ་གཏོང་སྟངས་ཤིག་རེད། དེ་སྔ་ཡིན་ན་རང་རང་སོ་སོའི་ལུང་ཁུག་ནང་གཞན་ལ་དེ་ཙམ་བརྟེན་མི་དགོས་པར་ངའི་གླིང་ཆེན་དང་། ངའི་རྒྱལ་ཁབ་ཅེས་ཧ་ཅང་གཅེས་འཛིན་བྱེད་སྲོལ་ཡོད་ཀྱང་ད་ཆ་བསམ་བློ་དེ་ལྟར་གཏོང་རྒྱུའི་དུས་ཚོད་ཡོལ་ཟིན་པ་རེད། ད་ཆ་རྒྱལ་སྤྱིའི་དཔལ་འབྱོར་གནས་བབ་ལ་གཟིགས་དང་རྒྱལ་མཚམས་མེད་པར་གཅིག་གྱུར་ཆགས་ཡོད།  ད་ཆ་ང་ཚོས་འགྲོ་བ་མི་རིགས་ཐེར་འབུམ་བདུན་ཡོངས་རྫོགས་ལ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་ནས་བསམ་བློ་གཏོང་དགོས་པའི་དུས་སྐབས་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ། །

Share with your friends










Submit