ཟླ་བ་ ༦ ཚེས ༡༧ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༧ རེས་གཟའ་ལྷག་པ།

༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་གཟིམ་ཆུང་ནས་དྲ་ལམ་བརྒྱུད། འདི་ལོའི་ཇེེ་པུར་ལོ་འཁོར་རྩོམ་རིག་སྒྱུ་རྩལ་དུས་སྟོན་Jaipur Literature Festival  ཐོག་གྲགས་ཅན་གྱི་རྩོམ་སྒྲིག་པ་ཞིག་དང་ལྷན་གསུང་མོལ་མཛད་འདུག

ཐེངས་འདིར་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཆེ་བའི་ཛ་དྲག་གི་དུས་སྐབས་དང་བསྟུན། དྲ་ལམ་བརྒྱུད་ནས་མགོན་པོ་གང་ཉིད་ལ་བཀའ་སློབ་ལམ་སྟོན་ཡོང་བར་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༠ བར་རྒྱ་གར་གྱི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་པི་ཀོ་ཨའི་ཡར་Pico Iyer མཆོག་དང་ལྷན་གསུང་མོལ་མཛད་འདུག

སྐུ་ཞབས་པི་ཀོ་ཨའི་ཡར་མཆོག ༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ཐོག་མར་འཚམས་འདྲི་ཞུ་བ་དང་སྦྲགས། ཐོག་མར་ངས་སྐུ་ཉིད་ལ་བཀའ་འདྲི་ཞུ་རྒྱུར། འདས་པའི་ཟླ་ཤས་ནང་༸སྐུ་ཉིད་ཀྱི་༸སྐུའི་འཕྲོད་བཞེས་གང་འདྲ་བྱུང་སོང་།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག ངོས་ཀྱིས་བསམ་པར་ཁྱེད་ནས་ངོས་ཀྱི་གདོང་པར་གཟིགས་ནས་ཚོད་དཔག་གནང་ཐུབ།   

སྐུ་ཞབས་པི་ཀོ་ཨའི་ཡར་མཆོག  ༸ཞལ་རས་མཇལ་སྐབས་༸སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་ཡག་པོ་ཡོད་ཚོད་འདུག    

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག ངོས་རང་བདེ་ཐང་ཡིན། ངོས་ཀྱི་སྐད་གདངས་ལའང་ངར་ཤུགས་ཆེ་ཐག་ཆོད་ཡོད། དེ་དག་ནི་གཙོ་ཆེར་ངོས་ཀྱིས་རྒྱ་གར་གནའ་རབས་སྲོལ་རྒྱུན་ནས་དར་བའི་བྱམས་བརྩེ་དང་འཚེ་མེད་ཞི་བའི་ལྟ་གྲུབ་ཉམས་ལེན་བྱས་པ་ལས་བྱུང་བ་ཞིག་རེད།  ལོ་ངོ་སྟོང་གི་རིང་ནས་དར་བའི་རྒྱ་གར་སྲོལ་རྒྱུན་ལེགས་བཤད་དེ་དག་གིས་ངོས་ལ་གདེངས་སྤོབས་དང་སྙིང་སྟོབས་སྤེལ་བཞིན་འདུག  ངོས་རང་ས་གནས་གང་དུ་བསྐྱོད་ཀྱང་སྙིང་རྗེའི་ཉམས་ལེན་བྱེད་ཀྱི་ཡོད། ད་ཆ་ཚན་རིག་པས་ཀྱང་འགྲོ་བ་མི་ནི་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཡིན་སྟབས། བློ་ལྷན་སྐྱེས་སུ་གཞན་གྱི་བདེ་སྡུག་ལ་སེམས་ཁུར་ཡོད་པ་དང་།  ང་ཚོ་སྐྱེས་ཙམ་ཉིད་ནས་ཉེ་འཁོར་མི་གཞན་དང་གྲོགས་འདྲིས་བྱེད་དགོས།  གནའ་སྔ་མོའི་སྐབས་ཡིན་ན་རང་རང་སོ་སོའི་ལུང་ཁུག་ནང་གཞན་ལ་དེ་ཙམ་བརྟེན་མི་དགོས་པར་སྡོད་རྒྱུ་རེད། ད་ཆ་རྒྱལ་སྤྱིའི་དཔལ་འབྱོར་དང་ཁོར་ཡུག་གི་གནས་བབ་ལ་གཟིགས་དང་རྒྱལ་མཚམས་མེད་པར་་གཅིག་གྱུར་ཆགས་ཟིན།  འཛམ་གླིང་ཤར་ནུབ་དང་ལྷོ་བྱང་ཡོངས་རྫོགས་འགྲོ་བ་མིའི་ཁྱིམ་ཚང་ཆེན་པོ་གཅིག་ཆགས་ཡོད།  དཔེར་ན་གོ་ལའི་ཚ་དྲོད་རྒྱས་བཞིན་པའི་དཀའ་ངལ་ལ་མཚོན་ནའང་འགྲོ་བ་མི་གཅིག་གྱུར་གྱི་དཀའ་ངལ་ཆགས་ཡོད། ད་ཆ་འགྲོ་བ་མི་རིགས་ཐེར་འབུམ་བདུན་ཡོངས་རྫོགས་ཁྱིམ་ཚང་གཅིག་གི་འདུ་ཤེས་ཐོག་ནས་ལྟ་དགོས་པའི་དུས་ལ་བབ་ཡོད། ངོས་ཀྱི་བསམ་བློ་གཏོང་སྟངས་འདི་འདྲ་ཡིན།  རྒྱ་གར་གནའ་རབས་ཀྱི་བྱམས་བརྩེ་དང་འཚེ་མེད་ཞི་བའི་ལྟ་གྲུབ་ཉམས་ལེན་དེ་ལྟར་བྱེད་སྐབས་ཕན་ཐོགས་ཧ་ཅང་འདུག 

སྐུ་ཞབས་པི་ཀོ་ཨའི་ཡར་མཆོག འདས་པའི་ཟླ་བ་བཞི་ཙམ་རིང་༸སྐུ་ཉིད་མཆོག་མི་གཞན་ལས་ཐག་རིང་བཞུགས་ཡོད།  རང་ཉིད་གཅིག་པུར་བཞུགས་སྐབས་བྱམས་བརྩེ་དང་འཚེ་མེད་ཞི་བའི་ཉམས་ལེན་ཇི་འདྲ་གནང་ཐུབ་ཀྱི་འདུག ང་ཚོར་ཡང་རང་ཉིད་གཅིག་པུར་འདུག་སྐབས་བྱམས་བརྩེ་དང་འཚེ་མེད་ཞི་བའི་ཉམས་ལེན་ཇི་ལྟར་བྱེད་དགོས་པའི་ཐོག་ལམ་སྟོན་གནང་རོགས།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག  བར་ལམ་ནད་ཡམས་ཁྱབ་གདལ་ཕྱིན་པར་བརྟེན་ངོས་དང་འབྲེལ་ཡོད་པའི་མི་འགའ་ཤས་ཀྱིས་ངོས་རང་དྲ་ལམ་བརྒྱུད་ནས་མ་གཏོགས་མི་གཞན་དང་དངོས་སུ་ཐུག་རྒྱུའི་རིགས་ལ་གནས་སྐབས་འཛེམས་དགོས་པ་གསུང་བྱུང་། དེར་བརྟེན་ངོས་ལ་གུང་སེང་ཐོབ་པ་རེད།  ( བཞད་མོ་བཞད། ) ངོས་ཀྱིས་ཉིན་ལྟར་ཆུ་ཚོད་བཞི་ཙམ་རིང་ཁ་འདོན་བཏོན་པ་དང་། སྒོམ་བརྒྱག་རྒྱུ།  ཞོགས་པ་མལ་ལས་ལྡང་མ་ཐག་སྙིང་རྗེ་སྒོམ་གྱིན་ཡོད། ཐབས་ཀྱི་ཆ་ནས་སྙིང་རྗེ་དང་།   ཤེས་རབ་ཀྱི་ཆ་ནས་རྟེན་ཅིང་བྱུང་གི་དེ་ཁོ་ན་ཉིད་ལ་བསམ་བློ་བཏང་ནས་ཐབས་ཤས་ཟུང་འབྲེལ་ཐོག་ནས་འགྲོ་བ་རེད། སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་བཞིན་ཡོད།  རང་ངོས་ནས་གྲུབ་པ་དང་རང་བཞིན་གྱིས་གྲུབ་པའི་བདག་ཟེར་བ་ཞིག་གཏན་ནས་མེད།  ཆགས་སྡང་སོགས་ཉོན་མོངས་པའི་བློ་དེ་དག་ལ་རྒྱབ་རྟེན་གྱི་ཚད་མ་མེད།  ཉོན་མོངས་པའི་བློ་དེ་དག་རྩ་བ་བདག་འཛིན་ལ་ཐུག་ཡོད། དེར་བརྟེན་བདག་མེད་པའི་དོན་ལ་བསམ་བློ་གཏོང་སྐབས་ཉོན་མོངས་ཀྱི་རྩ་བ་དྲུངས་ནས་འབྱིན་པར་བྱེད།  ད་ཆ་ཚད་རྡུལ་དངོས་ཁམས་རིག་པའི་ quantum Physicist  ཚན་རིག་པ་ཚོས་ཀྱང་ཆོས་རྣམས་ཀྱི་སྣང་གནས་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པ་བརྗོད། ཆོས་རྣམས་སྣང་ཚོད་ལ་རང་ངོས་ནས་གྲུབ་པ་ལྟར་སྣང་བཞིན་ཡོད།  འོན་ཀྱང་ཞིབ་ཚགས་པོའི་ཐོག་ནས་དཔྱད་པ་བྱེད་སྐབས་སྣང་ཚུལ་དང་དངོས་ཡོད་གནས་ཚུལ་དབར་ལ་ཁྱད་པར་ཧ་ཅང་ཡོད།   སྣང་ཚུལ་ལ་བརྟེན་ནས་ཆགས་སྡང་གི་བློ་སྐྱེ་བཞིན་ཡོད།  དོན་ངོ་མའི་ཐོག་ལ་དཔྱད་སྐབས་སྟོང་པ་ཉིད་རེད། ཆོས་རྣམས་བློའི་ཡུལ་ལ་ཇི་ལྟར་སྣང་བ་ལྟར་རང་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་མེད།  ཆོས་རྣམས་ཀྱི་དོན་དམ་གྱི་གནས་ལུགས་དེ་ལྟར་ཡིན་པ་ཤེས་ཚེ་ཉོན་མོངས་ཀྱི་བློ་དེ་དག་གཞི་རྩ་མེད་པར་གྱུར། ཅེས་སོགས་བཀའ་ལན་སྩལ། །