ཟླ་བ་ ༦ ཚེས ༡༦ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༦ རེས་གཟའ་མིག་དམར།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༣ ཕྱེད་ཡོལ་དུ་རྒྱལ་སྤྱིའི་གསར་འགྱུར་ཚན་པ་གྲགས་ཅན་བྷི་བྷི་སི་ BBC གསར་ལས་ཁང་གི་གསར་འགོད་པ་སྐུ་ཞབས་ Justin Rowlatt ལགས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་འདྲི་ཞུས་པར་མགོན་པོ་མཆོག་གིས་བཀའ་ལན་སྩལ་བ་ཁག་གཤམ་གསལ།

གསར་འགོད་པ། ཕྱི་ལོ་ ༢༠༡༧ ལོར་ངས་བོད་ཀྱི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་མཇལ་འཕྲད་ཞུ་སྐབས་འཛམ་གླིང་གི་གནས་སྟངས་རྦད་དེ་མི་འདྲ་བ་ཞིག་རེད།  སྐབས་དེར་བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་མཐོ་ཤོས་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ངའི་མགོ་བོར་ཕྱག་གིས་བྱུགས་བྱུགས་མཛད་མྱོང་ཡོད།  འོན་ཀྱང་ད་ལྟ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཆེ་བའི་དུས་སྐབས་འདིར་ངས་ཁོང་ལ་དྲ་ལམ་བརྒྱུད་བཀའ་མོལ་ཞུ་རྒྱུ་ཡིན། ཁོང་གིས་ད་ལྟ་ཐེམ་སྤངས་བཀའ་རྒྱ་བསྡམས་པར་བརྟེན་གཟིམ་ཆུང་དུ་ཐུགས་ལྷོད་ལྷོད་ངང་བཞུགས་རྒྱུ་བྱུང་བ་དེ་སྤྲོ་སྣང་ལྡན་པ་ཞིག་ཡོད་སྐོར་བཀའ་སློབ་སྩལ་སོང་། 

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག ངོས་རང་སྒེར་ལ་མཚོན་ན་འདིར་ཞི་བདེ་བག་ཕེབས་ངང་གནས་ཡོད།  (བཞད་མོ་བཞད།) ད་ལྟ་ནད་ཡམས་ཁྱབ་གདལ་ཆེ་བའི་ཛ་དྲག་གི་དུས་སྐབས་འདིར་མི་མང་པོ་ཞིག་གིས་རང་ཉིད་ཀྱི་ཉེན་སྲུང་ལ་མ་འཛེམས་པར་མི་གཞན་ལ་ཕན་པ་བསྒྲུབ་རྒྱུར་བློས་གཏོང་གནང་བཞིན་པ་དེ་དག་དངོས་གནས་ངོ་མཚར་ལྡན་པ་རེད།

གསར་འགོད་པ།  བློས་གཏོང་དེ་ལྟར་གནང་བ་ནི་འགྲོ་བ་མིར་རང་ཆས་སུ་ཡོད་པའི་བཟང་པོའི་ཡོན་ཏན་མངོན་པར་བྱེད་པ་ཞིག་མིན་ནམ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག  ཕྱོགས་གཅིག་ནས་མི་འདོད་པའི་སྡུག་བསྔལ་ཐོག་ཏུ་འབབ་སྐབས་སེམས་ནང་ཁོང་ཁྲོ་དང་དངངས་སྐྲག་སྐྱེ་རྒྱུ་ཆོས་ཉིད་རེད། འོན་ཀྱང་བཟང་ཕྱོགས་ནས་བསམ་བློ་བཏང་བ་ཡིན་ན། སྤྱི་ཚོགས་གཅིག་ནང་ཡོད་པའི་མི་ཞིག་ལ་དཀའ་ངལ་འཕྲད་སྐབས་ང་ཚོས་གཞན་གྱི་སྡུག་བསྔལ་ལ་མི་བཟོད་པའི་བློ་སྐྱེས་ནས་ཁོང་ཚོར་ཕན་ཐོགས་གང་འདྲ་བྱེད་དགོས་པའི་ཐོག་བསམ་བློ་བཏང་བ་དེ་ནི་བྱམས་བརྩེའི་ཀུན་སློང་ལས་བྱུང་བ་རེད། 

གསར་འགོད་པ།  ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ད་ལྟའི་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཆེ་བའི་ཛ་དྲག་དུས་འདིར།  རྒྱལ་སྤྱིའི་མཐུན་ལམ་གོང་མཐོར་གཏོང་ཐུབ་རྒྱུའི་ཐུགས་རེ་མཛད་བཞིན་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག དེ་སྔ་ང་ཚོས་ ” ངའི་གླིང་ཆེན། ” ” ངའི་རྒྱལ་ཁབ། ” “ངའི་ཆོས་ལུགས། ”  ཞེས་ཧ་ཅང་གཅེས་འཛིན་བྱེད་སྲོལ་ཡོད་ཀྱང་ད་ཆ་བསམ་བློ་དེ་ལྟར་གཏོང་རྒྱུའི་དུས་ཚོད་ཡོལ་ཟིན་པ་རེད། ད་ཆ་ང་ཚོས་འགྲོ་བ་མི་རིགས་ཐེར་འབུམ་བདུན་ཡོངས་རྫོགས་ལ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་ནས་བསམ་བློ་གཏོང་དགོས་པའི་དུས་སྐབས་རེད།

གསར་འགོད་པ། དེང་སྐབས་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ཐུགས་འཚབ་ཆེ་ཤོས་ཡོད་པ་ནི་ཁོར་ཡུག་གི་གནད་དོན་རེད།  ཏཱ་ལའི་བླ་མ་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་མདོ་སྨད་ཨ་མདོའི་གྲོང་གསེབ་ཁུག་ཀྱོག་གཅིག་ནང་སྐུ་འཁྲུངས་པ་རེད། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་བཙན་བྱོལ་ལ་༸ཞབས་སོར་བཀོད།  ལོ་དེར་བོད་མི་ཚོས་རྒྱ་ནག་གི་དབང་སྒྱུར་ལ་ཞི་རྒོལ་རྔམ་སྟོན་བྱས་ཡོད།  ༸སྐུ་ཚེའི་རིང་ལ་ཁོར་ཡུག་ལ་འགྱུར་ལྡོག་ཧ་ཅང་ཕྱིན་ཡོད་པ་ཐུགས་ཚོར་བྱུང་ཡོད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག  ཕྱི་ལོ་ ༡༩༦༠ ལོར་ངོས་རང་འདིར་རྡ་རམ་ས་ལར་འབྱོར་བ་རེད། དགུན་དེར་རྡ་རམ་ས་ལར་ཁ་བ་ཧ་ཅང་བབ་བྱུང་། དེ་ནས་ལོ་རེ་བཞིན་གངས་ཇེ་ཉུང་དུ་འགྲོ་བཞིན་འདུག དེར་བརྟེན་ང་ཚོས་གོ་ལའི་ཚ་དྲོད་རྒྱས་བཞིན་པའི་གནས་སྟངས་ཐད་བསམ་བློ་ཤུགས་ཆེ་ཙམ་གཏོང་དགོས།

གསར་འགོད་པ། བརྗོད་གཞི་ཏོག་ཙམ་ཛ་དྲག་པའི་སྐོར་གླེང་རྒྱུ་ཡིན། ༸སྐུའི་ཡང་སྲིད་ཀྱི་གནད་དོན་རེད། དེ་སྔ་༸སྐུ་ཉིད་ཀྱིས་འབྱུང་འགྱུར་ཏཱ་ལའི་བླ་མའི་ཡང་སྲིད་མ་ཕེབས་པའང་ཡོང་སྲིད་པའི་སྐོར་བཀའ་སློབ་སྩལ་ཡོད།  དེ་ལྟར་ན་༸སྐུ་ཉིད་ཏཱ་ལའི་བླ་མ་མཐའ་མ་དེ་ཆགས་རྒྱུ་མ་རེད་དམ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག ལོ་ངོ་བརྒྱ་ཕྲག་འགའ་ཤས་ཀྱི་ལོ་རྒྱུས་ལྡན་པའི་ཏཱ་ལའི་བླ་མའི་བླ་བྲང་འདི་ད་ཆ་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་སྐབས་མཇུག་བསྒྲིལ་བ་ཡིན་ན་འོས་ཤིང་འཚམ་པ་རེད། ཅེས་ཞལ་ཤོབ་ཀྱི་ཚུལ་དུ་བཀའ་ལན་སྩལ་མ་ཐག་བཞད་མོ་བཞད།

གསར་འགོད་པ། དེ་ལྟར་ན་༸སྐུ་ཉིད་ཏཱ་ལའི་བླ་མ་མཐའ་མ་དེ་ཆགས་རྒྱུ་རེད་དམ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག འབྱུང་འགྱུར་ཏཱ་ལའི་བླ་མའི་བླ་བྲང་རྒྱུན་མཐུད་དང་མུ་མཐུད་ཟེར་བ་དེ་འབྲེལ་ཡོད་ཚོས་གོ་བསྡུར་གནང་ནས་ཐག་གཅོད་བྱེད་དགོས་པ་ལས་ངོས་ལ་དེའི་ཐད་བསམ་ཚུལ་ཞུ་རྒྱུ་གང་ཡང་མེད།   ངོས་ཀྱི་སེམས་འཁྲལ་ཆེ་ཤོས་དེ་ངོས་རང་འཚོ་བའི་སྐབས་འདིར་གཞན་ལ་ག་ཚོད་ཐུབ་ཐུབ་ཕན་ཐོགས་བྱེད་ཐུབ་ན་བསམ་པ་འདི་ཡིན།  དེ་ལྟར་བྱས་ནས་མི་ཚེ་རྫོགས་འགྲོ་རྒྱུ་རེད། ཅེས་བཀའ་ལན་སྩལ།།