ཟླ་བ་ ༦ ཚེས ༢༦ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢༦ རེས་གཟའ་པ་སངས། 

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ཚེས་ ༢༥ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༥།༣༠ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས། ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། བོད་ཀྱི་ཟློས་གར་ཚོགས་པའི་དྲུང་ཆེ་ལས་ཚབ། དེ་བཞིན་གསར་འགོད་པ་བཅས་ཚང་འཛོམས་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་དོན། སྤྱིར་རེེས་གཟའ་ཕུར་བུ་ནམ་ཡིན་ལ་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་སྤེལ་གྱི་ཡོད་པ་རེད། འོན་ཀྱང་དེ་རིང་འདིར་རྣམ་པ་ཚོ་ཕེབས་རོགས་ཞུ་དགོས་དོན་ནི། བཀའ་ཤག་གི་གལ་ཆེ་གསལ་བསྒྲགས་ཤིག་ཞུ་རྒྱུར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་རྒྱུ་ཡིན།

ད་ཆ་ཧི་མཱ་ཅལ་མངའ་སྡེའི་གཞུང་གི་ལམ་སྟོན་གཞིར་བཟུང་མི་གྲངས་ལྔ་བཅུ་ལས་ཉུང་བ་ཡོད་པའི་ཐོག་ནས་མཛད་སྒོ་དང་གཉེན་སྒྲིག་སོགས་བྱེད་ཆོག་གི་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། ལས་ཁུངས་ཁག་གི་དྲུང་ཆེ་བཅས་ལྷན་འཛོམས་ཐོག་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་གཏན་འཁེལ་ཡོད།  འདི་ནས་འབྲེལ་ཡོད་རྫོང་དཔོན་དང་ལས་བྱེད་ལྷན་བཀའ་སྡུར་གནང་སྐབས་དགག་བྱ་ཡོད་པ་གང་ཡང་གསུང་གི་མི་འདུག བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ནས་ཀྱང་གནད་ཡོད་མི་སྣ་ཡོད་པའི་ཐོག་ནས་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་དགོས་པའི་ལམ་སྟོན་ཞུ་ཡི་ཡོད། འོན་ཀྱང་ས་གནས་དང་། རྫོང་། མངའ་སྡེ་སོ་སོའི་ལམ་སྟོན་གཞིར་བཟུང་ངེས་པར་དུ་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་ཞུ་རྒྱུ་ཡིན།

བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༢༠ ལོ་འདི་བཞིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོ་སྲུང་བརྩི་ཞུ་རྒྱུ་ཡིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༥ ལ་ཕེབས་ཀྱི་ཡོད། བོད་མི་རྣམས་ལ་མཚོན་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལས་བཀའ་དྲིན་ཆེ་བ་མེད།  མགོན་པོ་གང་ཉིད་ཀྱི་བཀའ་དྲིན་དང་རླབས་ཆེན་གྱི་མཛད་འཕྲིན་ལ་བརྟེན་ནས་ང་ཚོ་ཚང་མ་མགོ་ཁྱག་ཁྱག་བྱ་རྒྱུ་བྱུང་ཡོད། མགོན་པོ་གང་ཉིད་མཆོག་གིས་བོད་བསྟན་སྲིད་དང་མི་རིགས་ཀྱི་དོན་དུ་རླབས་ཆེན་གྱི་མཛད་འཕྲིན་ཁག་བསྐྱངས་དང་སྐྱོང་བཞིན་པ་རྣམས་བོད་པ་ཚོས་ཤེས་པའི་ཐོག་ནས་གཞན་ལ་གོ་རྟོགས་སྤེལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༡ ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ལས་འཆར་ཁག་བང་བསྒྲིགས་ཡོད། འོན་ཀྱང་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་སྲུང་བརྩི་ཞུ་ཐབས་མེད་པར་བརྟེན་ཚོགས་ཆུང་ནང་གོ་བསྡུར་གནང་སྟེ། དེ་སྔ་འཆར་གཞི་ཡོད་པ་ཁག་ལ་ད་ཆ་ལག་བསྟར་ཐུབ་པ་གང་འདུག་བསྐྱར་ཞིབ་གནང་ནས་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡ ནས་ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༣༠ བར་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུ་ཡིན།

ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡ ཉིན་ནས་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཚན་པས་བཟོ་སྐྲུན་གནང་བའི་བརྙན་ཐུང་ཁག་རེས་གཟའ་ལྷག་པ་སྟེ་ལྷག་དཀར་ནམ་ཡིན་ལ་བསྟན་རྒྱུའི་འཆར་གཞི་ཡོད། དེ་བཞིན་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ ༦༡ འཁོར་བའི་དུས་དྲན་དང་བསྟུན་དབྱར་སྐྱིད་ཅེས་རྒྱ་ལུ་རུ་ཁག་དང་རྔོན་པ་རུ་ཁག་གཉིས་དབར་རྐང་བྲོ་གླུ་གཞས་འགྲན་བསྡུར་གནང་སྲོལ་ཡོད་པ་རེད། འདི་ལོར་ཏོག་དབྱིབས་གཉན་རིམས་ལ་བརྟེན་ནས་དམ་བསྒྲགས་ཡོད་སྟབས། མངའ་སྡེ་གཞུང་གི་ལམ་སྟོན་གཞིར་བཟུང་མཛད་གཙོ་རྣམ་པ་སོགས་མི་གྲངས་ ༥༠ ཙམ་ལྷན་འཛོམས་ཐོག་བོད་ཀྱི་བརྙན་འཕྲིན་བརྒྱུད་ཐད་གཏོང་གནང་རྒྱུ་ཡིན། ཞེས་དང་།

གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་སྐོར་གསུང་དོན། འཛམ་གླིང་ནང་སེམས་ཁམས་ན་ཚ་རྐྱེན་པས་མི་མང་པོ་ཞིག་འདས་གྲོངས་སུ་གྱུར་ཡོད། ལྷག་པར་ནད་ཡམས་རྐྱེན་པས་མང་ཚོགས་ཁྲོད་དངངས་སྐྲག་དང་། ཞེད་སྣང་ལ་སོགས་ཀྱི་དཀའ་ངལ་ཧ་ཅང་མང་པོ་འཕྲད་བཞིན་ཡོད་སྟབས། གསར་འགོད་པས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཏོག་དབྱིབས་གཉན་རིམས་ཕོག་པའི་གནས་ཚུལ་ཐོན་མ་དག་འདོན་སྤེལ་མ་གནང་བའི་འབད་བརྩོན་གནང་རོགས། གནས་ཚུལ་ཁྱབ་སྤེལ་བྱུང་བ་ལ་བརྟེན་ནས་མང་ཚོགས་ཁྲོད་སེམས་མ་སྐྱིད་པ་སོགས་ཀྱི་གནས་སྟངས་མང་པོ་ཞིག་དང་། ཕྱོགས་མཚུངས་ནད་ཡམས་ཕོག་པའི་གང་ཟག་དང་དེའི་ནང་མི་རྣམས་ལའང་དཀའ་ངལ་འཕྲད་བཞིན་ཡོད་འདུག གལ་ཏེ་ས་གནས་ཀྱི་སྐོར་གནས་ཚུལ་དགོས་ཀྱི་ཡོད་ན། འབྲེལ་ཡོད་ས་གནས་འགོ་འཛིན་ལ་བཀའ་འདྲི་གནང་རོགས། ས་གནས་འགོ་འཛིན་གྱིས་གང་གསུང་པ་དེ་བཀོད་པ་ཡིན་ན་འགྲིག་ས་རེད།

བོད་མི་སུ་འདྲ་ཞིག་རྒྱ་གར་གྱི་ས་གནས་གང་དུ་བཞུགས་ཡོད་ཀྱང་ད་ལྟའི་ཛ་དྲག་གི་དུས་སྐབས་ལ་བསམས་ནས་རང་གནས་སུ་བཞུགས་དགོས་པ་ལས་འགྲིམ་འགྲུལ་རིགས་རྩ་བ་ཉིད་ནས་གནང་མི་དགོས་པའི་འབད་བརྩོན་གནང་རོགས། ཞེས་ཛ་དྲག་གི་འབོད་སྐུལ་དང་། གལ་ཏེ་ས་གནས་གཞན་ནས་ཕེབས་མི་རིགས་བྱུང་ཚེ་ཉིན་གྲངས་བཅུ་བཞིའི་རིང་འགོག་དབྱེ་ཟུར་འཇོག་ཁང་དུ་གནས་དགོས་ཀྱི་ཡོད་སྟབས། ཚང་མས་ཐུགས་སྣང་གནང་རོགས། ཕྱི་ཟླ་ ༥ ནས་བཟུང་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། འོན་ཀྱང་མང་ཚོགས་ཀྱི་འཚོ་རྟེན་སོགས་ཀྱི་སླད་རྒྱ་གར་རྒྱལ་ཡོངས་སྒོ་མ་ཕྱེ་དཀའ་མེད་ཡིན་སྟབས། མི་མང་པོ་ཞིག་ཕྱི་ལ་འཐོན་པའི་སྐབས་ནད་ཡམས་ཁྱབ་བརྡལ་འགྲོ་ངེས་ཡིན།  དེ་བཞིན་དེ་སྔོན་ནས་མང་ཚོགས་ཁྲོད་སྔོན་འགོག་སླད་ཐུགས་སྣང་དགོས་པ་སོགས་ཞིབ་ཕྲ་ཞུས་ཟིན། ཞེས་སོགས་གསུངས། །

Share with your friends










Submit