ཟླ་བ་ ༦ ཚེས ༢༣ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢༣ རེས་གཟའ་མིག་དམར།

༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། འདི་གའི་ཁྱབ་ཁོངས་དཀའ་ངལ་ཅན་ཁྱིམ་ཚང་ ༡༢ ལ་ཧིན་སྒོར་ ༡༣,༡༠༠ འབབ་ཀྱི་བཟའ་འབྲུ་འབུལ་འགྲེམས་ཞུས་ཡོད་པ་དང་མུ་མཐུད་དཀའ་ངལ་ཅན་རྣམས་ལ་རོགས་སྐྱོར་ཞུ་རྒྱུ། འདི་གའི་སཾ་བྷོ་ཊ་སློབ་ཕྲུག་སྡོད་ཁང་སྟོང་པ་གཅིག་ཚོགས་བཀག་འགོག་དབྱེ་ཟུར་འཇོག་དུ་གོ་སྒྲིག་ཞུས་ཡོད། 

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་ཉེན་སྲུང་ཡོ་ཆས་ཁག་གསར་ཉོ་ཆེད་རོགས་དངུལ་མཐུན་འགྱུར་གནང་དོན་བཞིན་དེ་དག་མཁོ་སྒྲུབ་ཀྱིས་ཚོགས་བཀག་འགོག་དབྱེ་ཟུར་འཇོག་ནང་དང་འབྲེལ་ལས་བཅས་ལ་མཁོ་སྤྲོད་ཞུས་ཡོད། རྒྱ་གར་དབུས་གཞུང་ནས་སྒོ་རྒྱག་བཀའ་རྒྱ་ལྷོད་གཡེང་གིས་འགྲུལ་བཞུད་མཐུན་རྐྱེན་སྦྱར་རྗེས་ས་གནས་སུ་ཕྱིར་སློག་དང་ཐོན་མཁན་རྣམས་ལ་འགྲུལ་བཞུད་བཀའ་འཁྲོལ་ཞུ་སྒོ་མཚོན་པའི་མཐུན་འགྱུར་གང་ལེགས་ཞུས་ཐུབ་པ་བྱུང་ཡོད།

དཔལ་ལྡན་བཀའ་ཤག་གི་ལམ་སྟོན་ལྟར་སྔ་འཕྲོས་རིང་ས་གནས་གང་དུ་ཡོད་ཀྱང་དེར་གནས་དགོས་པ་དང་འགྲིམ་འགྲུལ་རིགས་གནང་མ་དགོས་པའི་འབོད་སྐུལ་ཞུ་མུས་ཡིན། ནང་སྲིད་ལས་ཁུངས་ནས་ཁྱབ་ཁོངས་སོ་སོའི་ནང་བོད་མི་དཀའ་ངལ་ཅན་རིགས་ལ་གཟིགས་རྟོགས་ངེས་གནང་དགོས་པའི་བཀའ་ཕེབས་བཞིན། འདི་ནས་གཞིས་མི་གཅིག་ལ་མཐུན་འགྱུར་རྒྱ་ཆེ་ཞུས་ཡོད།

བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་འདི་གའི་ཁྱབ་ཁོངས་ཉམ་ཐག་ཨང་ཐོབ་ཅན་ཕྲུ་གུ་གཅིག་ལ་ཧིན་སྒོར་ ༢,༠༠༠ དང་། གཞན་གཅིག་ལ་ཧིན་སྒོར་ ༥༠༠༠ གནང་བར་དོ་བདག་སོ་སོར་ཁུངས་འགྲེམས་ཟིན། འདི་ཁུལ་བོད་མི་གནས་སྡོད་བྱ་ཡུལ་ས་གནས་ཁག་ཏུ་དྭང་བླངས་རུ་ཁག་ནས་ཟླ་རེར་མཚམས་ཐེངས་གཅིག་དུག་སེལ་ལས་འགུལ་སྤེལ་དང་སྤེམ་མུས་ཡིན།  བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་སྨན་རྩིས་ཁང་མཉམ་རུབ་ཐོག་བོད་མི་རང་ལོ་ ༦༥ ཡན་རྣམས་ལ་ལུས་ཟུངས་གསོ་བྱེད་གསོལ་སྨན་མཐུན་འགྱུར་འོག་འདི་གའི་ཁྱབ་ཁོངས་ལོ་ན་ ༦༥ ཡན་སོན་པ་མི་གྲངས་ ༤༤ ལ་གསོལ་སྨན་བགོ་འགྲེམས་ཞུས་ཐུབ་པ་བྱུང་ཡོད།

རྒྱ་ནག་ཝུ་ཧན་ཏོག་དབྱིབས་གཉན་རིམས་ ༡༩ རྐྱེན་པས་སྒོ་རྒྱ་བཀའ་རྒྱ་བསྡམས་པའི་དུས་སྐབས་འདིར་དཀའ་སེལ་རོགས་སྐྱོར་ཞུ་ཆེད་བོད་མིའི་སྒྲིག་འཛུགས་ནས་ད་རེས་ཐེངས་གཅིག་ངལ་སེལ་གུན་སྐྱོབ་གནང་རྒྱུའི་གསལ་བསྒྲགས་སྤེལ་དོན་བཞིན། འདི་གའི་ཁྱབ་ཁོངས་དངོས་ཡོད་དཀའ་ངལ་ཅན་མི་གྲངས་ ༡༠ ལ་ངལ་སེལ་སྒོར་ ༥,༠༠༠ རེར་བྱས་པའི་བསྡོམས་ཧིན་སྒོར་ ༥༠,༠༠༠ ཐམ་པ་གནང་སོན་བཞིན་ཐོབ་འོས་ཁག་ལ་ཁུངས་འགྲེམས་ཞུས་ཟིན། འདི་ནས་རྫོང་དཔོན་དང་། ཉེན་རྟོག་པ། འབྲེལ་ཡོད་ས་གནས་ Covid 19  སྨན་པ་བཅས་ལ་འབྲེལ་བ་དམ་གཟབ་ཞུ་མུས་ཡིན་བཅས། །