གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༩ རེས་གཟའ་མིག་དམར།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༩ རེས་གཟའ་མིག་དམར་ཉིན་གྱི་སྔ་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་ཟང་སེངྒེ་མཆོག་གིས་རྒྱ་གར་གྱི་ TV9 Bharatvarsh ཞེས་པའི་གསར་འགོད་པ་སྐུ་ཞབས་ཨ་བྷི་ཤེཀ Abhishek ལགས་ཀྱི་དྲི་བར་ལན་འདེབས་གནང་འདུག སྐབས་དེར་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་གར་ཡུལ་མི་ཚོས་བོད་ཀྱི་གནད་དོན་ཇི་ཙམ་གལ་ཆེན་པོ་ཡིན་པ་དང་། ད་ལྟའི་ཆར་བོད་ཀྱི་གནས་སྟངས་ཧ་ཅང་ཛ་དྲག་པོ་ཆགས་ཡོད་པ་དེ་དག་ངེས་པར་དུ་མཁྱེན་དགོས་པ་གསུངས།

གསར་འགོད་པས་དེང་སྐབས་བོད་ཙམ་མ་ཟད། ཐེ་ཝན་དང་ཧོང་ཀོང་མི་མང་ཚོས་ཀྱང་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་བྱེད་བཞིན་ཡོད།  བོད་ནང་ནས་བོད་མི་ཚོ་དང་བཙན་བྱོལ་བོད་མིའི་དབར་འབྲེལ་བ་ཡོད་སྟབས་བོད་ནང་ད་ལྟའི་གནས་སྟངས་གང་འདྲ་ཡོད་མེད་ཀྱི་དྲི་བར་དཔལ་ལྡན་སྲིད་སྐྱོང་མཆོག་གིས། ང་ཚོས་བོད་ཀྱི་གནད་དོན་དེ་བཞིན་ལོ་ངོ་ ༦༠ རིང་རྒྱལ་སྤྱིའི་སྤྱི་ཚོགས་སོགས་ཀྱི་ནང་གླེང་སློང་གིས་རྒྱབ་སྐྱོར་ཐོབ་ཐབས་བྱས་ཡོད། དེང་སྐབས་ཧོང་ཀོང་དང་ཐེ་ཝན། ཤར་ཏུར་ཀི་སི་ཐན་བཅས་ཀྱིས་རྒྱ་ནག་གཞུང་གི་དྲག་གནོན་དང་འཇིགས་སྐུལ་སོགས་ལ་གདོང་ལེན་གནང་མུས་རེད། འོན་ཀྱང་རྒྱ་གར་ལ་མཚོན་ན་བོད་དང་འབྲེལ་བ་ཆེ་ཤོས་ཆགས་ཡོད། རྒྱ་ནག་དམར་པོའི་གདུག་རྩུབ་འོག་ད་བར་བོད་མི་ས་ཡ་གཅིག་ཙམ་གྱི་ཚེ་སྲོག་ཤོར་ཡོད། དེང་སྐབས་ལ་མཚོན་ནའང་བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པ་རྩ་མེད་བཟོ་བཞིན་པ་དང་། མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ། བོད་ཀྱི་རང་འབྱུང་ཁོར་ཡུག་ཉམས་དམས་སུ་བཏང་ནས་གཏེར་ཁ་གང་བྱུང་སྔོག་འདོན་བྱེད་བཞིན་ཡོད། འདིར་རྒྱ་གར་རྒྱལ་ས་ལྡི་ལི་ལྟ་བུར་ང་ཚོས་རྒྱ་ནག་གཞུང་ལ་ཞི་རྒོལ་རྔམ་སྟོན་བྱེད་ཆོག་ཀྱང་བོད་ནང་ལ་མཚོན་ན་བོད་མི་བཞི་ལྔ་མཉམ་འཛོམས་བྱ་རྒྱུའི་ཐོབ་ཐང་མེད།  བོད་མི་ཚོས་འགྲོ་བ་མིའི་ཐོབ་ཐང་དགོས་པའི་དགོས་འདུན་བཏོན་པ་ཙམ་གྱིས་རྒྱ་མིའི་དམག་མིས་འཇུ་བཟུང་བཙན་ཁྲིད་བྱས་ནས་མནར་གཅོད་ཚད་མེད་གཏོང་བཞིན་ཡོད། དེར་བརྟེན་ད་ལྟའི་ཆར་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད། བོད་མིའི་ཐོག་སྡུག་སྦྱོང་མནར་གཅོད་ཚད་མེད་གཏོང་བཞིན་ཡོད།

གསར་འགོད་པས། རྒྱ་ནག་གཞུང་གིས་བོད་མི་ས་ཡ་གཅིག་ཙམ་དམར་གསོད་བཏང་བ་དེ་ཧ་ཅང་ཚབས་ཆེན་རེད།  མི་གསོད་ཁྲག་སྦྱོར་གྱི་ལས་ངན་ཚབས་ཆེ་དེ་ལྟ་བུ་ས་གནས་གཞན་ལ་སྤེལ་བ་དེ་འདྲ་མཐོང་རྒྱུ་དཀོན། བོད་མི་ཕོན་ཆེ་དེ་ལྟ་བུ་དམར་གསོད་བཏང་བའི་གནས་ཚུལ་འབྱུང་ཁུངས་གསུང་རོགས། ཞེས་དང་། དེང་སྐབས་སུའང་ཛ་དྲག་གི་གནས་སྟངས་མུ་མཐུད་ལྷག་ཡོད་མེད་ཀྱི་དྲི་བར་དཔལ་ལྡན་སྲིད་སྐྱོང་མཆོག་གིས། བོད་ནང་གི་གནས་སྟངས་མུ་མཐུད་ཛ་དྲག་ངང་གནས་ཡོད་པ་ནི། ཕྱི་ལོ་ ༢༠༠༨ ནས་ད་བར་བོད་མི་ ༡༥༤ རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་སུན་གཙེར་བཟོ་བཞིན་པར་ཞི་རྒོལ་རྔམ་སྟོན་བྱས་ཡོད་པ་དང་།  དེ་སྔ་ཕྱི་ལོ་ ༡༩༦༠ ནང་སུད་སིའི་གྲོང་ཁྱེར་ཇི་ནི་ཝའི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཁྲིམས་རྩོད་ལྷན་ཚོགས་ཀྱིས་བོད་ནང་གི་གནས་སྟངས་ཛ་དྲག་ཇི་ཙམ་ཆེན་པོ་ཡིན་པའི་སྐོར་ལ་སྙན་ཐོ་གཉིས་བཏོན་པ་དེ་དག་ནང་དུའང་ཁ་གསལ་བཀོད་ཡོད། ཅེས་ལན་འདེབས་གནང་།

གསར་འགོད་པས། བོད་མི་ས་ཡ་གཅིག་ཙམ་རྒྱ་ནག་གཞུང་གིས་དམར་གསོད་བཏང་བ་དེ་དག་གསོད་ལུགས་གསོད་སྟངས་གང་འདྲ་བྱས་ནས་བསད་ཡོད་མེད་དྲིས་པར་དཔལ་ལྡན་སྲིད་སྐྱོང་མཆོག་གིས། ཕྱི་ལོ་ ༡༩༥༠ དང་ ༡༩༥༡ སྐབས་ནས་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་སར་བཙན་འཛུལ་བྱེད་འགོ་བརྩམས་ཤིང་། དེ་ནས་ཕྱི་ལོ་ ༡༩༥༦ ། ༡༩༥༧ ཙམ་ནང་རྒྱ་མིའི་དམག་མིས་བོད་མི་དམར་གསོད་གཏོང་འགོ་བཙུགས་པ་དང་། ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༣ ནས་ཕྱི་ཟླ་ ༩ བར་བོད་མི་ ༨༧༠༠༠ རྒྱ་མིས་དམར་གསོད་བཏང་ཡོད་པ་རྒྱ་ནག་གི་དམག་མིའི་ཡིག་ཆ་ནས་རྙེད་སོན་བྱུང་ཡོད།  བོད་མི་ཁག་གཅིག་རང་ཤི་བརྒྱབ་པ་དང་། ལ་ལ་བཀྲེས་སྐོམ་གྱིས་ཤི་བ་སོགས་ཁྱོན་བོད་མི་ས་ཡ་གཅིག་ཙམ་རྐྱེན་འདས་སུ་གྱུར་ཡོད། རྒྱལ་ཁབ་གཅིག་གིས་རྒྱལ་ཁབ་གཞན་ལ་བཙན་འཛུལ་བྱས་པའི་ལོ་རྒྱུས་ཁྲོད་མི་མང་གི་ཚེ་སྲོག་ཤོར་བ་མང་ཤོས་གསུམ་པནི་་བོད་མི་ཆགས་ཡོད།  ཅེས་ལན་འདེབས་གནང་།

གསར་འགོད་པས། བོད་མི་ཁག་གཅིག་ལ་རྒྱ་ནག་གཞུང་གིས་མནར་གནོད་བཏང་ནས་བསད་པའི་སྐད་ཆ་འདུག་དེའི་ཐོག་གསུང་རོགས་ཞུས་པར་དཔལ་ལྡན་སྲིད་སྐྱོང་མཆོག་གིས།  བོད་ནང་དུ་བོད་མི་སྟོང་ཕྲག་མང་པོ་བཙོན་ཁང་ནང་ཡོད། ཁོང་རྣམས་ཕལ་མོ་ཆེ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་པར་ཞི་རྒོལ་རྔམ་སྟོན་བྱས་རྐྱེན་བཙོན་འཇུག་བྱས་པ་དང་། བཙོན་ཁང་ནང་བོད་མི་དེ་དག་ཐོག་རྒྱ་མིའི་ཉེན་རྟོག་མི་སྣས་སྡུག་སྦྱོང་མནར་གཅོད་ཧ་ཅང་བཏང་བ་མ་ཟད། བོད་མི་མང་པོ་གར་སོང་ཆ་མེད་དུ་གྱུར་བ་དང་མང་པོ་ཞིག་བཙོན་ཁང་ནང་འདས་གྲོངས་སུ་འགྱུར་བཞིན་ཡོད། བཙོན་གྲོལ་ཐོབ་པའི་བོད་མི་དེ་དག་ལུས་ནད་གཅོད་དུ་གྱུར་སྟབས་བཙོན་ཁང་ནས་གློད་བཀྲོལ་ཐོབ་རྗེས་འདས་གྲོངས་སུ་གྱུར་འགྲོ་བ་རེད།  རང་ལུས་མེར་སྲེག་གཏོང་མཁན་ཚོས་འུ་ཐུག་ཐབས་ཟད་ནས་ལས་འགུལ་དེ་འདྲ་སྤེལ་བཞིན་ཡོད། གང་ཡིན་བརྗོད་ན་བཙོན་ཁང་དུ་བཅུག་པ་ཡིན་ན་རང་ཉིད་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་བཟོད་ཐབས་བྲལ་བ་ཞིག་མྱང་རྒྱུ་མ་ཟད། ནང་མི་སྤུན་མཆེད་སོགས་ལའང་དམ་བསྒྲགས་སུན་གཙེར་ཚད་མེད་བཟོ་བཞིན་ཡོད་སྟབས། དེ་བས་རང་ལུས་མེར་སྲེག་བཏང་ནས་འཆི་བ་ཡིན་ན་ལས་སླ་བ་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད།

ཕྱོགས་མཚུངས་རྒྱ་ནག་གཞུང་གིས་གསེར་རྟ་གླ་རུང་སྒར་དང་ཡ་ཆེན་ཆོས་སྒར་ལྟ་བུ་བོད་པའི་བཙུན་མའི་གྲྭ་ཤག་སྟོང་ཕྲག་མང་པོ་གཏོར་བཤིག་བཏང་དང་གཏོང་མུས་ཡིན། དེར་བརྟེན་བཙུན་མའི་ཁྲོད་ནས་ཀྱང་རང་ཤི་རྒྱག་མཁན་བྱུང་ཡོད།  བོད་ཀྱི་ས་ཁྱོན་ལ་མཚོན་ན་ཧ་ཅང་རྒྱ་ཆེན་པོ་རེད།  བོད་པའི་མི་འབོར་ས་ཡ་དྲུག་རེད། རྒྱ་གར་དང་བསྡུར་ན་རྒྱ་གར་གྱི་ས་ཁྱོན་གསུམ་ཆ་གཉིས་ཡོད། ཅེས་གསུངས།

གཞན་ཡང་གསར་འགོད་པས་དེང་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་བོད་རང་བཙན་རྩོད་བཞིན་ཡོད་མེད་ཀྱི་དྲི་བར། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལོ་རྒྱུས་ཐོག་བོད་དེ་བཞིན་རང་དབང་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པར་བརྟེན་བོད་རང་བཙན་རྩོད་རྒྱུའི་ཐོབ་ཐང་ཡོད་ཀྱང་། ང་ཚོས་དེ་ལྟར་མ་རྩོད་པར་བོད་རིགས་གནས་སྡོད་ཀྱི་ས་ཁུལ་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཐོབ་ཐབས་བྱེད་བཞིན་ཡོད་སྐོར་སོགས་ལན་འདེབས་གནང་འདུག།