ཟླ་བ་ ༦ ཚེས ༣༠ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༣༠ རེས་གཟའ་མིག་དམར།

༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ཛ་དྲག་ངལ་སེལ་ཚོགས་ཆུང་ནས་བཏང་གནས་ནང་འཁོད་དོན། རྒྱ་གར་དབུས་དང་ས་གནས་གཞུང་གི་ལམ་སྟོན་དང་། ལྷག་པར་བོད་མིའི་སྒྲིག་འཛུགས་ཀྱི་ཛ་དྲག་ཚོགས་ཆུང་། ནང་སྲིད་ལས་ཁུངས། འཕྲོད་བསྟེན་ལས་ཁུངས་བཅས་ཀྱི་བཀོད་ཁྱབ་དགོངས་དོན་ལྟར། ས་གནས་སུ་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་མུས་ཡིན།

འདི་གའི་སྨན་ཞབས་པ་དང་ལས་བྱེད་རྣམས་ནས་ད་བར་མི་གྲངས་ ༥༥༢  ལ་ཚ་བ་བརྟག་དཔྱད་ཞུས་ཐུབ་པ་བྱུང་ཡོད།  དབུས་སྣེ་ལེན་ཁང་དུ་འགོག་དབྱེ་ཟུར་འཇོག་མི་གྲངས་ ༤༢ དང་། ཤུགས་གསེབ་རྙིང་པར་མི་གྲངས་ ༢༦། ཤེས་རབ་དགའ་ཚལ་སློབ་གླིང་དུ་མི་གྲངས་ ༧།  དེ་བཞིན་ཁྱིམ་སྡོད་ཟུར་བཀག་མི་གྲངས་ ༣༨ བཅས་བསྡོམས་མི་གྲངས་ ༡༡༣ ཟུར་བཀག་ནང་ཡོད། 

འགོག་དབྱེ་ཟུར་བཀག་ཁག་ཏུ་ཀང་རྭ་རྫོང་དཔོན་དང་དེ་བཞིན་ས་གནས་ཉེན་རྟོག་པ་བཅས་ནས་སྐབས་དུས་སོ་སོར་ལྟ་སྐོར་ཞུ་བཞིན་ཡོད། རྡ་ས་གནས་སྡོད་བོད་མི་མངའ་སྡེ་གཞན་ནང་ལུས་ཡོད་པ་རྣམས་རྡ་སར་ཕྱིར་ལོག་ཆོག་པའི་རྒྱབ་གཉེར་གནང་རྒྱུ་མཚོན་པའི་ལས་དོན་ཁག་འཐུས་ཚང་གནང་བཞིན་ཡོད། 

བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ཏོག་དབྱིབས་ནད་ཡམས་རྐྱེན་པས་ཁ་ཐོར་མི་མང་ཁྲོད་ནས་ལས་ཀ་ཤོར་བ་དང་ཁང་གླ་དཀའ་ངལ་ཡོད་རིགས་ལ་ད་རེས་ཐེངས་གཅིག་རིང་ངལ་སེལ་གུན་སྐྱོབ་གནང་རྒྱུ་ལས་གཞིའི་ཁོངས་ཁྱབ་ཁོངས་ཁ་ཐོར་མི་གྲངས་ ༦༥༩ ལ་ངལ་སེལ་སྒོར་ ༥,༠༠༠ རེར་བསྡོམས་སྒོར་ ༣,༢༩༥,༠༠༠ ཁུངས་འགྲེམས་ཞུས་ཡོད།  གཞན་ཡང་འདི་གའི་ཚོགས་པ་སྐྱིད་སྡུག་ཁག་ནས་བོད་མི་ཉམ་ཐག་རྣམས་ལ་བཟའ་འབྲུ་མཐུན་འགྱུར་ཞུས་ཡོད་པ་བཅས། །

Share with your friends










Submit