ཟླ་བ་ ༦ ཚེས ༢༠ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

༢༠༢༠ ཟླ་ ༦ ཚེས་ ༡༢ རེས་གཟའ་པ་སངས།

Photo courtesy:Tibet Museum

༄༅། །ཕྱི་ལོ་ ༡༩༤༥ ཕྱི་ཟླ་ ༥ ཚེས་ ༨ ཉིན་མོར་འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་བ་རེད། ཡུ་རོབ་ཁུལ་དུ་དམག་འཁྲུག་སྐབས་མི་མང་ས་ཡ་མང་པོ་རང་ཡུལ་བཞག་ནས་གཞན་ཡུལ་དུ་སྐྱབས་བཅོལ་ལ་གྱར་དགོས་ཐུག་པར་བརྟེན་སྡུག་བསྔལ་མི་ཟད་པ་མྱངས་ཡོད།  ཕྱི་ལོ་ ༡༩༥༠ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྐྱབས་བཅོལ་ལས་ཁུངས་ཆེད་མངགས་བཙུགས་ནས་ཆེས་མཐོའི་སྐུ་ཚབ་ཀྱང་བསྐོ་འཛུགས་གནང་ཡོད་འདུག  དེ་ནས་ཕྱི་ལོ་ ༡༩༥༡ ལོར་འཛམ་གླིང་སྐྱབས་བཅོལ་ལྷན་ཁང་གིས་སྐྱབས་བཅོལ་ལྷན་ཚོགས་ཆེད་ཐོག་མ་བསྐྱངས་པ་དང་།   ཕྱི་ལོ་ ༡༩༦༧ ལོར་འཛམ་གླིང་སྐྱབས་བཅོལ་ལྷན་ཁང་གིས་ཆེད་མངགས་སྐྱབས་བཅོལ་བ་ཚོར་སྟངས་འཛིན་ཇི་ལྟར་བྱེད་དགོས་པའི་ལམ་སྟོན་དང་།  ངོས་འཛིན་བྱེད་སྟངས། ཐོབ་ཐང་དང་ལས་འགན་སོགས་ཁ་གསལ་འཁོད་པའི་ཡིག་ཆ་ཁ་གསལ་གཏན་ལ་ཕབ་ཡོད།

ཕྱི་ལོ་ ༢༠༠༡ ཟླ་ ༦ ཚེས་ ༢༠ ཉིན་རྒྱལ་སྤྱིའི་སྐྱབས་བཅོལ་ཉིན་མོ་ཆེས་ཐོག་མར་སྲུང་བརྩི་ཞུ་འགོ་བརྩམས།  དེ་ནི་དེ་སྔ་ཕྱི་ལོ་ ༡༩༥༡ ལོར་སྐྱབས་བཅོལ་ལྷན་ཚོགས་ཆེས་ཐོག་མ་བསྐྱངས་ནས་ལོ་ལྔ་བཅུ་འཁོར་བའི་རྗེས་དྲན་ཞུས་པ་ཞིག་ཡིན་པ་དང་།   དེ་ཡང་ཕྱི་ལོ་ ༢༠༠༠ ཕྱི་ཟླ་ ༡༢ གོང་ཨ་ཕི་རི་ཀའི་སྐྱབས་བཅོལ་བའི་ཉིན་མོ་ཞེས་གྲགས་པ་ལས་རྒྱལ་སྤྱིའི་སྐྱབས་བཅོལ་ཉིན་མོ་ཞེས་ཞུ་སྲོལ་མེད། ཕྱི་ལོ་ ༢༠༠༠ ཟླ་ ༡༢ ནས་རྒྱལ་སྤྱིའི་སྐྱབས་བཅོལ་བའི་ཉིན་མོ་ཞེས་ཡོངས་གྲགས་འབོད་སྲོལ་ཆགས་པ་རེད།   

བོད་མི་སྐྱབས་བཅོལ་བའི་བྱུང་རིམ།

Photo courtesy:Tibet Museum

ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་སྟོང་ཕྲག་མང་པོས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་ནག་དམར་པོའི་སྲིད་གཞུང་གི་དབང་སྒྱུར་ལ་ཞི་རྒོལ་རྔམ་སྟོན་བྱས་ཡོད།  དུས་ཚིགས་དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་ཆེས་གལ་འགངས་ཆེ་ཞིང་།  རྒྱལ་སྤྱིའི་ཁྱོན་དུ་བོད་རང་དབང་རང་བཙན་གཙང་མའི་རྒྱལ་ཁབ་ཀྱི་མཚོན་དོན་ཟུབ་ཐབས་མེད་པ་ཞིག་ཆགས་ཡོད། 

ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༧ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྟོན་འཁོར་ཧྲག་བསྡུས་དང་བཅས་ནོར་གླིང་ཕོ་བྲང་ནས་མཚན་མོ་ཆུ་ཚོད་ ༡༠ ཙམ་ལ་བྲོས་བྱོལ་དུ་ཆིབས་སྒྱུར་བསྐྱངས་ཡོད།

མེ་ས་མ་རི་གསོག་སྒར། photo:Tibet Museum

ཕྱི་ཟླ་ ༣ ཚེས་ ༣༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་འཁོར་དང་བཅས་རྒྱ་གར་གྱི་ས་ཐོག་ཀན་ཙ་མ་ཎི་འམ་ཆུ་དྭངས་མོར་༸ཞབས་སོར་བདེ་བར་འཁོད།  ཕྱི་ལོ་ ༡༩༥༩ ཟླ་ ༤ ཚེས་ ༢ ཉིན་མ་སུ་རིར་༸ཞབས་སོར་བདེ་བར་འཁོད།  ཕྱི་ཟླ་ ༤ ཚེས་ ༢༤ ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་རྒྱ་གར་གྱི་སྲིད་བློན་ནེ་རུ་མཆོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་དུ་ཕེབས་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔ་ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་དུ་སྟོན་པ་བཅོམ་ལྡན་འདས་སྐུ་འཁྲུངས་ནས་ལོ་ངོ་ ༢༥༠༠ འཁོར་བའི་དུས་སྟོན་ཐོག་ཆིབས་སྒྱུར་སྐྱོང་སྐབས། སྲིད་བློན་ནེ་རུ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་དུ་བཞུགས་པ་ལས་བོད་དུ་ཕྱིར་ཕེབས་ནས་དེ་སྔ་ཕྱི་ལོ་ ༡༩༥༡ ལོར་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་འབྲུ་དོན་རེ་རེ་བཞིན་ལག་བསྟར་དོན་འཁྱོལ་ཡོང་ཐབས་ལ་འབད་དགོས་པའི་ལམ་སྟོན་གནང་བ་ལྟར་མགོན་པོ་མཆོག་གིས་དེ་ལྟར་རྒྱ་ནག་གཞུང་དང་མེས་ཚིག་མེར་གཏུགས་བསྟུན་མཁས་གང་ལེགས་མཛད་ཀྱང་རྒྱ་ནག་གཞུང་གིས་དེར་ཉན་འཇོག་དང་བསམ་ཤེས་སོགས་རྩ་བ་ནས་མ་བྱས་པར་དེ་ལས་ལྡོག་སྟེ་ཀླ་ཀློའི་བྱ་སྤྱོད་ཉིན་རེ་བཞིན་ཇེ་སྡུག་ཏུ་བཏང་བར་བརྟེན་མཐར་བྲོས་བྱོལ་དུ་ཆིབས་སྒྱུར་བསྐྱངས་དགོས་པའི་སྐོར་ཞིབ་ཕྲ་གསལ་བཤད་མཛད།

ཡུལ་གྱར། 

ལམ་བཟོའི་ལས་ཀར་གཞོལ་བཞིན་པ། Photo courtesy:Tibet Museum

ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ཕྲི་གསུམ་ལྷག་གིས་མ་གྲོས་བསམ་པ་གཅིག་མཐུན་གྱིས་ཞི་རྒོལ་རྔམ་སྟོན་བྱས་མཐར་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་སྒོ་བཙུགས་པ་མ་ཟད། ཕྱི་ཟླ་ ༣ ཚེས་ ༡༩ ཉིན་༸རྒྱལ་བ་ཡིད་བཞིན་ནོར་བུའི་དབྱར་ཁའི་ཕོ་བྲང་ཚུན་ལའང་མེ་སྒྱོགས་ཚད་མེད་བརྒྱབ་པ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་ཆིབས་སྒྱུར་བསྐྱངས་པའི་གནས་ཚུལ་ཐོས་སྐབས་བོད་མི་མང་པོ་ཞིག་སྔ་རྗེས་རྒྱ་བལ་འབྲུག་གསུམ་ནང་བཙན་བྱོལ་དུ་འབྱོར་ཡོད། དེ་ཡང་རྒྱ་གར་ནང་ལ་མཚོན་ན་བོད་མི་མང་ཆེ་བ་ཡོང་ས་ཤར་ཨ་སམ་མངའ་སྡེའི་ས་མཚམས་ནས་ཡོང་སྟེ་མི་ས་མ་རིར་གསོག་སྒར་བཙུགས་པ་དང་། དེ་བཞིན་བོད་འབྲུག་ས་མཚམས་བརྒྱུད་ནས་མང་པོ་འབྱོར་ཏེ་རྒྱ་གར་དང་འབྲུག་གི་ས་མཚམས་སྦག་སར་གསོག་སྒར་བཙུགས། དེ་ཡང་ཕྱི་ལོ་ ༡༩༦༠ ཟླ་ ༦ ཚེས་ ༡༥ ནང་ཚུད་རྒྱ་གར་ཨ་སམ་མི་ས་མི་རི་དང་། འབྲུག་ཡུལ་ཉེ་མཚམས་སྦག་ས་བཅས་སུ་བོད་མི་ཁྱོན་ ༢༠༠༠༠ འབྱོར་ཟིན་ཡོད་འདུག 

Photo courtesy:Tibet Museum

གསོག་སྒར་ཁག་ཏུ་འབྱོར་བའི་རིས་མེད་སེར་མོ་བ་རྣམས་སྦག་སར་གསོག་སྒར་དུ་ཟླ་བསྒྲིལ་བཏང་བ་དང་། མི་མང་ཁོངས་ནས་འཚོ་བ་རང་ཁ་རང་གསོ་ཐུབ་རིགས་རྣམས་རང་གི་འདོད་མོས་ལྟར་བཀའ་རྡོར་སྒང་གསུམ་ས་ཁུལ་དུ་བསྐྱོད་འཐུས་དང་། དེ་བྱིངས་རྣམས་ལ་ལས་ཀ་ཐོབ་ཆེད་རྒྱ་གར་ནུབ་བྱང་རི་རྒྱུད་ཁག་ལ་ལམ་བཟོ་བྱས་པར་བཏང་། དེ་བཞིན་བོད་གཞུང་དམག་སྒར་ལྔའི་དམག་གྲངས་ ༥༠༠ ལྷག་ཙམ་རྣམས་དང་། བསྟན་སྲུང་དང་དམག་གང་ཙམ་བཅས་འབྲས་ལྗོངས་ཁུལ་ལམ་བཟོར་བཏང་ཞིང་། ན་གཞོན་ཁོངས་ནས་ལག་ཤེས་ལ་དོ་དབྱིངས་ཡོད་རིགས་ཁག་གཅིག་རང་མོས་ལྟར་རྒྱ་གར་ཁུལ་གྱི་བཟོ་གྲྭ་ཁག་ཏུ་སློབ་སྦྱོང་དུ་བཏང་། 

བཙན་བྱོལ་བོད་གཞུང་གསར་འཛུགས།  

ཕྱི་ལོ་ ༡༩༥༩ ཟླ་ ༤ ཚེས་ ༢༥ ཉིན་བཞུགས་སྒར་མ་སུ་རིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སྲིད་བློན་ཀླུ་ཁང་པ་ཚེ་དབང་རབ་བརྟན་མཆོག་དང་། གཡུ་ཐོག་བཀྲ་ཤིས་དོན་གྲུབ། ༸སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ། ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན། སྤོམ་མདའ་ཡར་འཕེལ། སྐབས་དེར་བྱེས་འབྱོར་གནད་ཡོད་གཞུང་ཞབས་ ༣༠ བརྒལ་བའི་ཚོགས་ཆེན་བསྐྱངས་ཐོག་བཙན་བྱོལ་བོད་གཞུང་གི་ཁ་ཚ་དགོས་གཏུགས་ཀྱི་གནང་སྒོ་ཁག་ལས་བགོས་བསྐྱོན། སྐབས་དེར་ཕྱག་ལས་རྣམ་གྲངས་གཙོ་བོ་ཆོས་དོན་དང་ནང་སྲིད། ཕྱི་སྲིད། ཤེས་རིག འདུ་འགོད (དཔལ་འབྱོར་) བཅས་ལྷན་ཁང་ཁག་ལྔ་དང་།  ལས་ཁུངས་ཀྱི་རིིམ་པ་དེ་ལས་དམའ་བ་བདེ་སྲུང་དང་། ལྡི་ལིར་བཅའ་བཞུགས་དོན་གཅོད་ལས་ཁུངས་གཉིས་བཅས་བཀོད་སྒྲིག་མཛད།

ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༣ ཉིན་རྡ་ས་བཞུགས་སྒར་དུ་དེ་སྔོན་མ་སུ་རིར་བཙན་བྱོལ་བོད་གཞུང་གསར་འཛུགས་ཀྱི་སྒྲིག་གཞི་ཕྱག་ལེན་ཆ་ཚང་མ་གྲུབ་པའི་མཇུག་སྐྱོང་བསྐྱར་སྒྲིག་གནང་སྟེ་སྔར་ཡོད་ལས་ཁུངས་མ་ལག་དྲུག་ཡོད་པའི་ཐོག་ཁ་སྣོན་ལས་བྱེད་བདག་གཉེར་ཁང་དང་།  རྩིས་ཞིབ་ལས་ཁུངས་གཉིས། བདེ་སྲུང་ལས་ཁུངས་དང་འདྲ་བར་གསར་འཛུགས་གནང་། 

རྡ་རམ་ས་ལར་སྤོ་བཞུགས་མཛད་པ།

ཕྱི་ལོ་ ༡༩༦༠ ཟླ་ ༤ ཚེས་ ༣༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མ་སུ་རི་ནས་པཱན་ཇབ་མངའ་སྡེའི་རྡ་རམ་ས་ལར་ཆིབས་ཐོན་མཛད་ནས་ཕྱི་ལོ་ ༡༩༦༠ ཟླ་ ༥ ཚེས་ ༡ ཉིན་རྡ་རམ་ས་ལར་༸ཞབས་སོར་བདེ་བར་འཁོད། 

བཙན་བྱོལ་བོད་མིའི་སློབ་གྲྭ་གསར་འཛུགས།

བལ་ཡུལ་ནང་གི་བོད་མི་བཙན་བྱོལ་བ། Photo Courtesy: Tibet Museum

ཕྱི་ལོ་ ༡༩༦༡ ཕྱི་ཟླ་ ༤།༥ ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྡི་ལིར་ཆིབས་སྒྱུར་བསྐྱངས་ཏེ་རྒྱ་གར་གཞུང་གི་སྲིད་བློན་རེ་རུ་མཆོག་ལ་སྐྱབས་བཅོལ་བོད་མིའི་ཕྲུ་གུ་རྣམས་ཀྱི་སློབ་སྦྱོང་སྐོར་ལ་བཀའ་མོལ་གནང་ཞིང་། སྐབས་དེར་ཤེས་རིག་བཀའ་བློན་ཀུན་བདེ་གླིང་ཡང་ལྷན་བཅར་ཞུས་འདུག སྲིད་བློན་ནེ་རུ་མཆོག་ནས་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རེ་སྐུལ་མཛད་པ་ལྟར་ཞལ་བཞེས་གནང་ཡོད།  ཕྱི་ལོ་ ༡༩༦༡ ཟླ་ ༧ ཚེས་ ༣༡ ཉིན་བོད་སློབ་འཛིན་སྐྱོང་ཚོགས་པ་ཞེས་རང་སྐྱོང་སྡེ་ཚན་ཞིག་དངོས་སུ་དེབ་སྐྱེལ་བྱས་ཏེ་འཛུགས་ཐུབ་པ་བྱུང་།  

ཕྱི་ལོ་ ༡༩༦༠ ཟླ་ ༣ ཚེས་ ༣ ཉིན་བོད་ཕྲུག་གྲངས་ ༥༠ ཡོད་པའི་བཙན་བྱོལ་བོད་མིའི་སློབ་གྲྭ་དང་པོ་མ་སུ་རི་བོད་གཞུང་གཏན་སློབ་གསར་འཛུགས་མཛད།  སློབ་ཕྲུག་གྲངས་ལྔ་བཅུ་ཐམ་པ་ཡོད་འདུག  སློབ་མ་དེ་དག་བོད་གཞུང་དམག་སྒར་དང་བསྟན་སྲུང་དྭང་དམག  རིས་མེད་ཆོས་ལུགས་ཁག གཞུང་ཞབས་ལས་བྱེད། དེ་བཞིན་བླ་དཔོན་ཁག་གི་ཆིབས་ཞབས་བཅས་ཡོད་འདུག 

  ཕྱི་ལོ་ ༡༩༦༠ ལོར་སིམ་ལ་གཏན་སློབ་གསར་འཛུགས་དང་།  ཕྱི་ལོ་ ༡༩༦༠ ཟླ་ ༥ ཚེས་ ༡༧ ཉིན་བཞུགས་སྒར་རྡ་རམ་ས་ལར་བཙན་བྱོལ་བོད་མིའི་བུ་བཅོལ་ཁང་གསར་འཛུགས་གནང་འདུག   ཕྱི་ལོ་ ༡༩༦༡ ཕྱི་ཟླ་ ༡ ནང་རྡོར་གླིང་གཏན་སློབ་གསར་འཛུགས་གནང་བ་དང་། ཕྱི་ལོ་ ༡༩༦༡ ཟླ་ ༣ ཚེས་ ༢༥ ཉིན་ཀ་སྦུག་ཤེས་རིག་ཡན་ལག་སློབ་གྲྭ་གསར་འཛུགས་མཛད། 

བསྟན་པའི་མེ་རོ་གསོ་བའི་རྨང་གཞི་གསར་འཛུགས།

ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་ནག་དམར་པོས་ཧམ་བཟུང་བྱས་རྗེས་ཕྱི་ལོ་ ༡༩༦༦ ལོར་བོད་ནང་རིག་གནས་གསར་བརྗེ་ཆེན་མོ་ཟེར་བ་མི་འདོད་བཞིན་དུ་བོད་མིའི་ཐོག་བཙན་འགེབ་བྱས་ནས་ཆོས་བྱེད་དགོན་པ་དང་ལྷ་ཁང་སོགས་བརྒྱ་ཆ་བརྒྱད་ཅུ་རྩ་མེད་དུ་བཏང་བ་མ་ཟད།  དགེ་བརྩུན་སྔགས་གསུམ་ལ་ཧ་ཅང་སྡང་ཟུག་ཆེན་པོས་རྡུང་རྡེག་མནར་གཅོད་བཏང་།  རྙིང་བཞི་རྩ་གཏོར་གྱི་འཕྲེད་དར་འཆར་ནས་གྲྭ་བཙུན་རྣམས་བཙོན་དུ་བཀག་ཉར་གྱིས་ལ་ལ་ལྟོགས་ཤི་ཐེབས་པ་དང་།  ལ་ལ་སྐྱ་སར་ཕབ་པ། ལ་ལར་ནང་བསྟན་གྱི་རྩ་ཆེའི་སྐུ་བརྙན་དང་སྐུ་ཐང་སོགས་ལ་རྡོག་རྫིས་གཏང་བཅུག་པ་སོགས་སྡིག་ལས་མི་ཟད་པ་ཆེད་མངགས་བྱེད་དུ་བཅུག་ཡོད། 

ཕྱི་ལོ་ ༡༩༥༩ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་ཀྱི་ཆོས་ལུགས་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དང་བླ་སྤྲུལ་དགེ་བཤེས་སོགས་རབ་བྱུང་ངུར་སྨྲིག་གི་སྡེ་དང་གོས་དཀར་ལྕང་ལོའི་སྡེ། བོད་མི་གང་འཚམས་རྒྱ་གར་གཙོས་ཕྱི་རྒྱལ་ཡུལ་ཁག་ཏུ་སྐྱབས་བཅོལ་ལ་ཕེབས་འབྱོར་བྱུང་ཡོད།  ཐོག་མར་སྦག་ས་ཆོས་སྒར་དུ་དགེ་འདུན་པ་ ༡༥༠༠ ཙམ་འབྱོར་བ་དང་། རིམ་བཞིན་རྒྱ་བལ་འབྲུག་གསུམ་ནང་ས་དགེ་བཀའ་རྙིང་དང་། གཡུང་དྲུང་བོན། ཇོ་ནང་དང་བཅས་པའི་གདན་ས་གྲྭ་ཚང་དང་དགོན་པ།  བཤད་གྲྭ་དང་སྒྲུབ་གྲྭ་སོགས་གསར་འཛུགས་ཐུབ་པ་བྱུང་།  ད་ཆ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་ཡིག་ཆ་ཁག་ཏུ་གསལ་བ་ལྟར་ན།  རྒྱ་བལ་འབྲུག་གསུམ་ནང་རབ་བྱུང་ངུར་སྨྲིག་གི་སྡེ་དང་གོས་དཀར་ལྕང་ལོའི་སྡེའི་ཆོས་སྡེ་དེབ་འགོད་ཟིན་པ་གྲངས་ ༢༦༢ དང་། འདུས་པ་ཞལ་གྲངས་ ༣༩༤༧༩ ཡོད་འདུག  དེ་ལྟར་དུས་ཚོད་ཧ་ཅང་གཉན་འཕྲང་འོག་ཡར་རྒྱས་ཀྱི་ནམ་འཕང་དེ་ལྟར་གཅོད་ཐུབ་པ་ནི་༸གོང་ས་༸སྐྱབས་མགོན་༸སྐུའི་ཕྲེང་བ་བཅུ་བཞི་པ་ཆེན་པོ་མཆོག་ཉག་གཅིག་གི་རླབས་ཆེན་གྱི་མཛད་བཟང་ལས་བྱུང་བ་ནི་སྨོས་མེད་ཡིན། 

བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་གཞོན་ནུའི་དུས་ནས་མང་གཙོའི་ལམ་ལུགས་ལ་ཐུགས་སྣང་དང་གུས་བརྩི་ཆེན་པོ་མཛད་མཁན་ཞིག་ཡིན་པ་དང་།  བོད་ནང་དུ་བཞུགས་སྐབས་མགོན་པོ་གང་ཉིད་ཀྱིས་དེ་སྔ་སྤྱི་ཚོགས་རྙིང་པའི་ལམ་ལུགས་ལ་སྐྱོན་ཆ་མང་པོར་ཐུགས་ཞིབ་མཛད་པར་བརྟེན་ལེགས་བཅོས་ལས་ཁུངས་བཙུགས་གནང་མཛད།  འོན་ཀྱང་རྒྱ་ནག་གཞུང་གིས་སྐབས་དེར་མོས་མཐུན་མ་བྱས་པར་ཁོ་པ་ཚོའི་ལངས་ཕྱོགས་ལྟར་བཅོས་འགྱུར་གཏོང་དགོས་པའི་རྣམ་འགྱུར་བསྟན་པར་བརྟེན་ཐུགས་འདུན་ཇི་བཞིན་བོད་ནང་དུ་བཅོས་འགྱུར་བཏང་ཐུབ་མེད།

ཨ་རིའི་སྲིད་འཛིན་ཇོར་ཇི་བྷུ་ཤི་མཆོག་དང་མཇལ་འཕྲད།

དེ་རྗེས་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་བྲོས་བྱོལ་ལ་འབྱོར་མཚམས་འགྱུར་བཅོས་བཏང་འགོ་བཙུགས་ཐུབ་པ་བྱུང་། དེ་ཡང་ཕྱི་ལོ་ ༡༩༥༩ ཟླ་ ༡༢ ནང་གནས་མཆོག་རྡོ་རྗེ་གདན་དུ་བཙན་བྱོལ་བོད་མིའི་གནས་ཡུལ་ས་ཁུལ་ཡོངས་ནས་སེར་སྐྱ་མི་མང་ཚོགས་འཛོམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་འབྲེལ་བླང་དོར་ཞུ་བྱའི་མནའ་གན་མཐུ་མོ་ཆེ་འབུལ་ལམ་ཞུས།

ནོ་བེལ་ཞི་བདེའི་གཟེངས་བརྟགས་འབུལ་བཞེས་མཛད་པ། ༡༩༨༩

སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་འདི་སྔར་ལྟར་མིན་པར་ཆོས་སྲིད་གཉིས་ལྡན་མང་གཙོའི་གཞུང་དགོས་པ་ཆེ་བའི་བཀའ་སློབ་སྩལ་ནས་སྔ་འཕྲོས་ཆོས་བརྒྱུད་ཆེན་པོ་བཞི་ནས་འཐུས་མི་རེ་དང་། ཆོལ་ཁ་གསུམ་ནས་འཐུས་མི་གསུམ་རེ་འོས་འདེམས་བྱེད་དགོས་པ་བཀའ་སློབ་ཕེབས་པ་ལྟར་རང་ཁུངས་སོ་སོ་ནས་འོས་འདེམས་མིང་ཐོ་འབུལ་ལམ་ཞུས་ཐོག་ནས་སྐབས་དང་པོའི་བོད་མི་མང་སྤྱི་འཐུས་སེར་སྐྱ་མི་གྲངས་བཅུ་གསུམ་ལ་བསྐོ་གཞག་ཕྱག་རྟགས་སྩལ།

ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཕྱག་དམ་འབུལ་དང་འབྲེལ་ཆོས་སྲིད་གཉིས་ལྡན་བོད་མང་གཙོའི་གཞུང་དབུ་བརྙེས།  ཕྱི་ལོ་ ༡༩༦༣ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་གཏན་འབེབས་མཛད། ཕྱི་ལོ་ ༡༩༧༩ ཟླ་ ༧ ཚེས་ ༢༣ ཉིན་བཀའ་བློན་གྱི་དམ་བཅའ་ཕུལ་བའི་ཉིན་མོ་ནས་ལོ་ལྔའི་ལས་ཁུར་གཏན་འབེབས་བཟོས་གནང་བ་རེད།  ཕྱི་ལོ་ ༡༩༩༡ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་ལ་དུས་བསྟུན་འོས་འཚམ་འགྱུར་བཅོས་མཛད།  ཕྱི་ལོ་ ༢༠༠༡ ལོར་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་བཀའ་བློན་ཁྲི་པ་མང་ཚོགས་ནས་ཐད་ཀར་འོས་འདེམས་བྱ་རྒྱུའི་ལམ་ལུགས་གཏན་འབེབས་མཛད་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་མིའི་ཆབ་སྲིད་ནས་ཕྱེད་བགྲེས་ཡོལ་དུ་ཕེབས་པ་གང་ཉིད་ནས་བཀའ་སློབ་ཡང་ཡང་སྩལ། 

 

བོད་མི་མང་སྤྱི་འཐུས་ལྷན་ཁང་།

༢༠༡༡ ཟླ་ ༨ ཚེས་ ༨ ཉིན་བཀའ་ཁྲི་སྐབས་གསུམ་པའི་ཁྲི་འདོན་མཛད་སྒོའི་སྐབས།

༢༠༡༡ ལོར་མགོན་པོ་གང་ཉིད་ཀྱིས་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་ནས་བགྲེས་ཡོལ་ཆ་ཚང་ཞུ་གནང་མཛད་ནས་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་བཀའ་བློན་ཁྲིད་པར་སྐུ་དབང་ཡོངས་རྫོགས་རྩིས་སྤྲོད་མཛད།

དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸ཞལ་སྔ་ནས་བཀའ་སློབ་འདི་ལྟར་སྩལ་དོན།

( ཕྱི་ལོ་ ༢༠༠༡ ལོ་ནས་བཟུང་ངོས་རང་བོད་མིའི་ཆབ་སྲིད་འགོ་ཁྲིད་ནས་ཕྱེད་རྒས་ཡོལ་དང་དེ་རྗེས་ཕྱི་ལོ་ ༢༠༡༡ ལོ་ནས་བཟུང་ངོས་ཀྱིས་བོད་མིའི་ཆབ་སྲིད་ཀྱི་ལས་འགན་ནས་རྒས་ཡོལ་ཆ་ཚང་ཞུས་པ་མ་ཟད། ཏཱ་ལའི་བླ་མས་གཞུང་འཛིན་ལམ་ལུགས་དེ་མཇུག་བསྒྲིལ་བ་ཡིན།  ) ཞེས་བཀའ་སློབ་སྩལ། 

 

 

 

Share with your friends










Submit