ཟླ་བ་ ༦ ཚེས ༡༡ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༡ རེས་གཟའ་ཕུར་བུ། 

 

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༠ ཉིན་གྱི་དགོང་དྲོ་ཆུ་ཚོད་ ༩ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་རྒྱ་གར་གྱི་རེ་པ་བྷི་ལིག་ Republic TV ཞེས་པའི་སྙན་གྲགས་ཅན་གྱི་བརྙན་འཕྲིན་ཁང་གི་གསར་འགྱུར་མདོ་འཛིན་པ་སྐུ་ཞབས་ཨར་ནབ་གྷོ་སྭ་མི་ལགས་ཀྱིས་རྒྱ་དཀར་ནག་དབར་ས་མཚམས་རྩོད་རྙོག་དང་འབྲེལ་བའི་བཅར་འདྲི་གནང་བ་ཁག་གཤམ་གསལ།

ཨར་ནབ་གྷོ་སྭ་མིས། ད་ལྟ་ང་ཚོས་རྒྱ་ནག་གཞུང་གིས་འཕགས་བོད་ས་མཚམས་ནས་དམག་དཔུང་ཕྱིར་འཐེན་བྱེད་བཞིན་ཡོད་པའི་གནས་ཚུལ་གོ་ཐོས་བྱུང་། རྒྱ་དཀར་ནག་གཉིས་ཀྱི་དབར་དམག་མིའི་སྐུ་ཚབ་བརྒྱུད་གྲོས་མོལ་རིམ་པ་གཉིས་ཙམ་བྱུང་ཡོད། གནས་སྟངས་འདིའི་སྐབས་སུ་ང་ཚོས་ཁོང་ཚོར་ཡིད་ཆེས་བྱེད་ཆོག་པ་ཞིག་དང་དོ་སྣང་བྱེད་དགོས་པའི་གནད་དོན་ག་རེ་འདུག་གམ།   དཔལ་ལྡན་སྲིད་སྐྱོང་མཆོག་གིས་ད་ལྟའི་གནས་སྟངས་འདི་ལ་གཟིགས་ཚུལ་ཅི་ཡོད་དམ།

དཔལ་ལྡན་སྲིད་སྐྱོང་མཆོག་གིས། ང་ཚོས་དེ་སྔ་འབྲོག་ལམ་གྱི་གནས་ཚུལ་མཐོང་བ་ལྟར་རེད། ཕྱོགས་གཉིས་ཀྱི་གནས་ཚུལ་དེ་ཞི་འཇམ་དུ་བཏང་བ་ཡིན་ན་ཡག་པོ་རེད། ང་ཚོས་དུས་རྟག་ཏུ་བཤད་པ་ལྟར་ཁོང་ཚོར་ཡིད་ཆེས་བྱེད་དགོས། འོན་ཀྱང་ཡིད་ཆེས་བྱེད་པར་ཁུངས་སྐྱེལ་དག་འབུད་ངེས་པར་དུ་བྱེད་དགོས།
འདས་པའི་ལོ་ངོ་ ༦༠ རིང་བོད་མི་ཚོའི་ཉམས་མྱོང་ལ་གཞིགས་ན་རྒྱ་ནག་གཞུང་ལ་ཡིད་ཆེས་བྱ་རྒྱུ་ཧ་ཅང་ཁག་པོ་རེད། ཁོང་ཚོ་ནི་ཁ་དན་ཚིག་ལ་གནས་ནས་ལས་ཀ་བྱེད་མཁན་ཞིག་མིན། རྒྱ་མི་ཐོག་མར་བོད་དུ་འཛུལ་སྐབས་ཁ་ནས་ཡར་རྒྱས་དང་ཞི་བདེ་ཟེར་ཡོད། འོན་ཀྱང་མཐར་ཁོང་ཚོས་བོད་ས་ཡོངས་རྫོགས་དབང་སྒྱུར་བྱས་པ་རེད། རྒྱ་ནག་གཞུང་གིས་བོད་མི་ཚོར་བསླུ་བྲིད་བཏང་ཡོད།  ང་ཚོས་རྒྱ་ནག་གཞུང་གིས་བཤད་པར་ཡིད་ཆེས་བྱས་རྐྱེན་མཐར་ང་ཚོའི་ལུང་པ་ཤོར་ནས་བཙན་བྱོལ་དུ་གྱར་དགོས་བྱུང་སོང་། 

ཨར་ནབ་གྷོ་སྭ་མིས། མི་ཚང་མས་རྒྱ་ནག་གི་བསམ་བློ་རྟོགས་ཐབས་བྱེད་བཞིན་ཡོད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་ནག་དང་མཉམ་འཐབ་རྩོད་དང་ཁོང་ཚོའི་སྐོར་སློབ་སྦྱོང་གནང་མྱོང་ཡོད་པ་རེད། ཁོང་ཚོའི་ཕུགས་ཀྱི་འཆར་གཞི་གང་རེད་དམ། 

དཔལ་ལྡན་སྲིད་སྐྱོང་མཆོག་གིས། རྒྱ་ནག་ནང་ཁུལ་དང་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་གི་འགོ་ཁྲིད་ལ་སྐྱོན་བརྗོད་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། རྒྱལ་ཁབ་ ༡༣༠ ཙམ་གྱིས་མཚན་རྟགས་བཀོད་དེ་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་ཐད་ཞིབ་འཇུག་བྱེད་དགོས་པ་རྒྱ་ནག་གཞུང་ལ་གནོན་ཤུགས་ཆེན་པོ་སྤྲད་ཡོད།  རྒྱུ་མཚན་དེ་ལ་བརྟེན་ནས་རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཁུལ་གྱི་དཀའ་རྙོག་རྣམས་ཁ་ཕྱོགས་སྒྱུར་ཐབས་བྱེད་བཞིན་ཡོད། དེར་བརྟེན་རྒྱ་ནག་གཞུང་གིས་རྒྱ་དཀར་གྱི་ས་མཚམས་སུ་རྙོག་གྲ་བཟོ་བཞིན་ཡོད་པ་མ་ཟད། ཧོང་ཀོང་ནང་བདེ་འཇགས་ཀྱི་ཁྲིམས་ཟེར་བ་བཟོས་པ་དང་། དེ་བཞིན་ལྷོ་རྒྱ་ནག་རྒྱ་མཚོ་དང་། ཐེ་ཝན་བཅས་ལའང་ཤུགས་རྐྱེན་སྤྲོད་བཞིན་ཡོད།
ཨར་ནབ་གྷོ་སྭ་མིས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ནི་རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་སེལ་རྒྱུའི་ལྡེ་མིག་ཡིན་པ་གསུང་ཡོད། དེར་འགྲེལ་བརྗོད་གནང་རོགས།

དཔལ་ལྡན་སྲིད་སྐྱོང་མཆོག་གིས། ལོ་ངོ་ ༦༠ གོང་ང་ཚོའི་ལུང་པ་བོད་ས་ཤོར་བ་རེད། ང་ཚོར་དཀའ་ངལ་འཕྲད་པ་ལྟར་རྒྱ་གར་གྱིས་གཙོས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལའང་དེ་ལྟར་འབྱུང་སྲིད་པ་རེད། ཅེས་ང་ཚོས་བཤད་མུས་ཡིན།  ལོ་ངོ་ ༦༠ གོང་རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་དབང་སྒྱུར་བྱས་པར་བརྟེན་ད་ལྟའི་ཆར་ལ་དྭགས་དང་། ཨ་རུ་ནཱ་ཅལ། འབྲས་ལྗོངས་བཅས་ཀྱི་ས་མཚམས་སུ་དངངས་འཚབ་འབྱུང་བཞིན་ཡོད། རྒྱ་གར་གྱིས་བོད་ཀྱི་ཉམས་མྱོང་ལས་ངེས་པར་བློ་སྐྱེད་ལེན་དགོས།

ཨར་ནབ་གྷོ་སྭ་མིས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་ཁྲོད་རྒྱལ་ཞེན་གྱི་ལྟ་བ་ག་ཚོད་ཡོད་མེད་དང་། དུས་སྐབས་འདིར་ལ་དྭགས་མི་མང་གི་ངོས་ནས་གདུང་སེམས་མཉམ་སྐྱེ་གནང་བ་ང་ཚོས་མཐོང་སོང་། ད་ལྟ་འབྱུང་བཞིན་པའི་འཕགས་བོད་ས་མཚམས་ཀྱི་གནད་དོན་ཐད་རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མི་ཚོའི་ལྟ་ཚུལ་ཅི་འདྲ་ཡོད་དམ། 

དཔལ་ལྡན་སྲིད་སྐྱོང་མཆོག་གིས། རྒྱ་གར་དང་པ་ཀི་སི་ཐན་དབར་དབྱུག་རྩེད་སྤོ་ལོ་ cricket འགྲན་སྡུར་ནམ་ཡིན་ལ་ང་ཚོའི་ངོས་ནས་དུས་རྟག་ཏུ་རྒྱ་གར་གྱི་ཕྱོགས་སུ་ལངས་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད། དེ་བཞིན་ཕྱི་མིས་རྒྱ་གར་གྱི་ས་མཚམས་སུ་གློ་བུར་བཙན་འཛུལ་བྱེད་སྐབས་སུའང་རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མི་ཚོས་རྒྱ་གར་དམག་མི་དང་ལྷན་གདུང་སེམས་མཉམ་སྐྱེ་བྱེད་ཀྱི་ཡོད། ཅེས་གསུངས།།