ཟླ་བ་ ༦ ཚེས ༢༦ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢༦ རེས་གཟའ་པ་སངས། 

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དབུ་ཞུགས་ཐོག་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ཀྱི་གསར་འགོད་གསལ་བསྒྲགས་ཐེངས་ ༡༣ སྤེལ་ཡོད།

སྐབས་དེར་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་གསུང་དོན། ད་ཆ་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཕོག་པའི་གྲངས་ཐོ་དེ་བཞིན་ཉིན་རེ་འཕར་བཞིན་འདུག དེའི་ཁྲོད་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་མི་གྲངས་ འདས་གྲོངས་སུ་གྱུར་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མང་ཚོགས་ཁྲོད་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་འགོག་དང་ལམ་སྟོན་སོགས་གང་ཅིའི་ཐད་མཐུན་འགྱུར་ཞུས་དང་ཞུ་མུས་ཡིན།

རྒྱ་གར་གཞུང་ནས་སྒོ་རྒྱ་རིམ་པ་དང་པོ་ Unlock 1.0 ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༨ ཉིན་ནས་ཕྱེ་ཡོད་པ་དང་ཕྱི་ཚེས་ ༣༠ ཉིན་ནས་སྒོ་རྒྱ་རིམ་པ་གཉིས་པ་དབྱེ་རྒྱུ་ཡིན་པར་བརྟེན། མང་ཚོགས་ནས་འགྲིམ་འགྲུལ་རིགས་བྱ་དགོས་བྱུང་ཚེ་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་དང་འབྲེལ་ཡོད་སོགས་སུ་དང་ཐོག་ནས་འབྲེལ་བ་གནང་དགོས། 

གཞིས་ཆགས་ཁག་གི་ནང་ཕྱི་ནས་ཕེབས་མི་རིགས་བྱུང་ཚེ་མངའ་གཞུང་སོ་སོའི་ལམ་སྟོན་བཀོད་ཁྱབ་ལྟར། ཉིན་གྲངས་བཅུ་བཞིའི་རིང་འགོག་དབྱེ་ཟུར་འཇོག་ཁང་དུ་གནས་དགོས་པ་དང་། Swab Test གནང་རྗེས་ནད་རྟགས་རིགས་མ་ཐོན་ན་ལྷག་འཕྲོས་ཉིན་གྲངས་ཇི་ཡོད་རང་ཁྱིམ་དུ་འགོག་དབྱེ་ཟུར་འཇོག་བྱ་དགོས། བོད་མིའི་སྒྲིག་འཛུགས་ནས་མཐུན་འགྱུར་གནང་བའི་འགོག་དབྱེ་ཟུར་འཇོག་ཁང་དུ་རང་ངོས་ནས་འགན་ཁུར་བཞེས་པའི་ཐོག་དོ་ནན་པོའི་ངང་གནས་དགོས་ཀྱི་ཡོད། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ནང་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་ཚོགས་ཚུང་རེ་ཡོད། ས་གནས་དང་རྫོང་གི་ལམ་སྟོན་ལས་ལྷག་ཛ་དྲག་ཚོགས་ཚུང་ནས་གཞིས་ཆགས་ཁག་ཏུ་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་མི་འགྲོ་བའི་འབད་བརྩོན་ཤུགས་ཆེ་གནང་དགོས།

ད་ཆ་ལྡི་ལི་ཁུལ་དུ་ནད་ཡམས་ཁྱབ་བརྡལ་ཤུགས་ཆེ་འབྱུང་བཞིན་ཡོད་པར་བརྟེན། ལྡི་ལི་ནས་གཞིས་ཆགས་ཁག་ཏུ་ཡོང་མཁན་སུ་ཡིན་ནའང་བདུན་ཕྲག་གཅིག་ཙམ་གྱི་སྔོན་ནས་འབྲེལ་ཡོད་ས་གནས་འགོ་འཛིན་ལ་འབྲེལ་གཏུག་ངེས་པར་དུ་གནང་རོགས་ཞུ་རྒྱུ་དང་། ད་ལྟའི་ཆར་ཏོག་དབྱིབས་གཉན་རིམས་སྔོན་འགོག་བྱ་རྒྱུ་ལས་ཐབས་ལམ་གཞན་མེད་སྟབས་འགོ་ཉེན་ཆེ་བའི་ནད་གཞི་དེར་ཚང་མས་ཡིད་གཟབ་ངེས་པར་དུ་གནང་དགོས།

བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འགོག་དབྱེ་ཟུར་འཇོག་ཁང་དུ་གནས་པའི་རིང་བདུན་ཕྲག་གཅིག་གི་ནང་ཚུད་ལ་བོད་མི་རྣམས་ལ་ཏོག་དབྱིབས་གཉན་རིམས་ཀྱི་ནད་འབུ་ཡོད་མེད་བརྟག་དཔྱད་བྱ་ཆེད་སྣ་མིད་ནས་མཆིལ་མ་ལེན་རྒྱུ་ (Swab Test ) འབད་བརྩོན་བྱེད་བཞིན་ཡོད།

ཕྱོགས་མཚུངས་རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་འཕྲོད་བསྟེན་ཚོགས་ཆུང་གི་ཚོགས་གཙོ་ས་གནས་འགོ་འཛིན་ཐུབ་བསྟན་ཚེ་རིང་ལགས་ཀྱིས་སྣེ་འཁྲིད་པའི་ཐོག་དེ་གའི་ས་གནས་ཀྱི་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་པའི་བོད་མི་རྣམས་ལ་ཏོག་དབྱིབས་གཉན་རིམས་ནད་འབུ་ཡོད་མེད་བརྟག་དཔྱད་བྱ་ཆེད་སྣ་མིད་ནས་མཆིལ་མ་ལེན་རྒྱུ་ Swab sample collection དེ་ས་གནས་ཀྱི་སྨན་ཞབས་པར་སྦྱོང་བརྡར་སྤྲད་ཡོད། ལས་གཞི་དེ་བཞིན་རྡ་ས་ཁུལ་དང་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུའང་སྤེལ་འཆར་ཡོད་སྐོར་སོགས་དང་། 

གཞན་ཡང་བོད་མིའི་སྒྲིག་འཛུགས་ནས་རྒྱ་བལ་འབྲུག་གསུམ་ནང་ཡོད་བོད་མི་ལོ་ན་ ༦༥ ཡན་སོན་པའི་རྒན་འཁོགས་དང་། འཕྲོད་ལས་པ། འགོག་དབྱེ་ཟུར་འཇོག་ཁང་དུ་ཡོད་པའི་བོད་མི་ཚོར་རིན་ཆེན་རིལ་བུ་སོགས་མི་གྲངས་ཁྲི་གཅིག་ལ་རིན་མེད་སྨན་སྦྱིན་གནང་རྒྱུ་ཡིན་པ་དེ་བཞིན་བགོ་འགྲེམས་ཞུ་མུས་ཡིན་པ་དང་། བོད་ཀྱི་སྨན་རྩིས་ཁང་ལྟ་བུར་ཆ་བཞག་ན། སྨན་གྱི་འགྲོ་གྲོན་གསུམ་ཆ་གཅིག་མ་གཏོགས་བཞེས་ཀྱི་མེད་པ་མ་ཟད། ནད་ཡམས་ཕོག་པ་རྣམས་ལ་སྨན་བཅོས་སྐབས་བོད་ཀྱི་སྨན་རྩིས་ཁང་ནས་རིན་མེད་སྨན་སྦྱིན་གནང་གི་ཡོད།

བོད་པའི་སྤྱི་ཚོགས་ཁྲོད་ཏོག་དབྱིབས་ཐོན་ཚེ་བརྒྱུད་ལམ་ཁག་གི་གཙོས་མི་མང་ནས་ནད་པ་ཐོན་ཡོད་སྐོར་སོགས་གང་བྱུང་བཤད་པའི་རྐྱེན་གྱིས་སྤྱི་ཚོགས་ནང་ཕན་ཐོགས་གང་ཡང་མེད་པར་མང་ཚོགས་ལ་སེམས་འཁྲལ་འཕར་མ་སྤྲོད་བཞིན་འདུག

ད་ཆ་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་འགྲོ་བཞིན་པའི་སྐབས་མི་མང་གི་སེམས་ཁམས་འཕྲོད་བསྟེན་བདེ་ཐང་དགོས་པ་གལ་ཆེ་ཡིན་སྟབས། མི་མང་ངོས་ནས་གནས་ཚུལ་ཞིག་ཐོན་པ་དང་གང་བྱུང་བཤད་པ་དང་ཁྱབ་བསྒྲགས་མ་གནང་རོགས། ཅེས་ཛ་དྲག་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་སོགས་གསུངས། །

Share with your friends










Submit