ཟླ་བ་ ༦ ཚེས ༧ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༦ རེས་གཟའ་སྤེན་པ།

༄༅། །རྒྱ་མིའི་ས་མཚམས་དམག་མིས་རྒྱ་གར་བྱང་ཕྱོགས་ལ་དྭགས་ས་མཚམས་སུ་སླར་ཡང་དཔུང་འཇུག་བྱས་པའི་གནད་དོན་ཐོག་རྒྱ་གར་གསར་ལས་ཁང་ཁག་གཅིག་གིས་བགྲོ་གླེང་ལས་རིམ་གོ་སྒྲིག་བྱས་པའི་ཁྲོད། ལ་དྭགས་པ་དེ་སྔ་ཀིར་གྷི་སི་ཐན་ནང་རྒྱ་གར་གྱི་གཞུང་ཚབ་བྱས་མྱོང་ཡོད་པ་ཕུན་ཚོགས་སྟོབས་ལྡན་ཟེར་བ་ཁོ་པས།  ཕྱི་ཟླ་ ༥ ཚེས་ ༢༩ ཉིན་གསར་འགོད་པའི་དྲི་བ་ཞིག་ལ་ལན་འདེབས་བྱེད་སྐབས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཟུར་ཟ་དང་སྦྲགས། རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་རྩོད་གཞིའི་ཐོག་བཞེང་ཕྱོགས་ཁ་གསལ་བཟོ་གནང་མཛད་དགོས་ཀྱང་དེ་ལྟར་མ་མཛད་པར།  ཆོས་ཕྱོགས་ཀྱི་བྱ་བ་ཁོ་ནར་གཞོལ་བཞིན་པ་སོགས་སྐྱོན་བརྗོད་དང་། ཚབས་ཆེའི་ཉེན་ཁག་དཀྲི་ཐབས་བྱས་པ་དེར།  ཐེངས་འདིར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ལན་འདེབས་ཀྱི་ཆེད་རྩོམ་ཞིག་སྤེལ་བའི་ནང་འཁོད་དོན།  

ཕྱི་ཟླ་ ༥ ཚེས་ ༢༩ ཉིན་རྒྱ་གར་གསར་ལས་ཁང་ཞིག་གིས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་རྩོད་རྙོག་སྐོར་ལ་རྒྱལ་ཡོངས་བརྙན་འཕྲིན་བགྲོ་གླེང་ལས་རིམ་ཞིག་གི་ཐོ  དེ་སྔ་ཀིར་གྷི་སི་ཐན་ནང་རྒྱ་གར་གྱི་གཞུང་ཚབ་བྱས་མྱོང་ཡོད་པ་ལ་དྭགས་པ་ཕུན་ཚོགས་སྟོབས་ལྡན་གྱིས།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་དང་རྩ་བ་ནས་མི་འཚམས་པའི་ཟུར་ཟ་དང་ཉེན་ཁག་དཀྲི་ཐབས་བྱས་པའི་ཐ་ཤལ་གྱི་བྱེད་བབ་དེས་གཟུར་གནས་བློ་ལྡན་རྣམས་ཀྱི་རྣ་བར་ཧ་ཅང་བསུན་པ་དང་།  ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ཆེན་པོ་མཆོག་ལ་དད་གུས་རྩེ་གཅིག་ཏུ་ཞུ་མཁན་གཞིས་བྱེས་བོད་མིས་གཙོས།  འཛམ་གླིང་ཁྱོན་དུ་གནས་པའི་ནང་པའི་རྗེས་འབྲང་པ་ཚོ་དང་།  ལྷག་པར་ལ་དྭགས་པའི་སློབ་མའི་ཁྲོད་དུའང་བློ་ཕམ་ཚད་མེད་བྱུང་ཡོད།

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཀྱང་ཐེངས་འདིར་ཕུན་ཚོགས་སྟོབས་ལྡན་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཉེན་ཁག་དཀྲི་ཐབས་བྱས་པ་དེ་ནི་ཧ་ཅང་བློ་ཕམ་གྱི་རང་བཞིན་ཡིན་པའི་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་སྦྲགས། བསམ་ཚུལ་དེ་ལྟར་འཛིན་མཁན་ལ་དྭགས་པ་ཆེས་ཉུང་ཤས་ཡིན་པ་ལས་ལ་དྭགས་ཡུལ་མི་ཕལ་མོ་ཆེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རང་གི་རྩ་བའི་བླ་མར་བརྩིས་ནས་དད་གུས་ཧ་ཅང་ཞུ་མཁན་ཡིན་པ་གསུངས། 

ལ་དྭགས་པ་མང་པོ་ཞིག་གིས་རང་གི་རྩ་བའི་བླ་མར་ཐེངས་འདིར་ཕུན་ཚོགས་སྟོབས་ལྡན་གྱིས་མ་ཉེས་ཁ་ཡོག་དང་། ཟུར་ཟ་ཞུས་པར་མཐའ་གཅིག་ཏུ་ངོ་རྒོལ་གྱིས་རྔམ་སྟོན་ཁྲོམ་སྐོར་བྱས་པ་མ་ཟད། ལ་དྭགས་དགོན་པ་ཚོགས་པ་དང་། ལ་དྭགས་ནང་པ་ཚོགས་པ། ལ་དྭགས་ནང་པའི་གཞོན་ནུ་ཚོགས་པ་དང་།  ཨ་མ་ཚོགས་པ།  སླེ་ཚོང་པའི་ཚོགས་པ། ལ་དྭགས་ཁྲིག་རྩེ་དགོན་པ། སླེ་ཁ་ཆེའི་མཐུན་ཚོགས། ཀླུ་འཁྱིལ་དགོན་པ།  བདེ་སྐྱིད་དགོན་པ།  མངའ་རིས་ནང་ཆོས་རིག་ལམ་སློབ་གཉེར་ཁང་སོགས་ཀྱིས་ཕུན་ཚོགས་སྟོབས་ལྡན་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འགན་ཁུར་དང་བརྩི་བཀུར་རྩ་བ་ནས་མེད་པའི་རྣམ་འགྱུར་ཐོག་ནས་དྲ་རྒྱའི་ནང་ཉེས་མེད་ཉེས་ཁག་དཀྲི་ཐབས་བྱས་པའི་བྱ་སྤྱོད་ཐལ་ཆ་ཆེ་བ་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པའི་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་ཤུགས་ཆེ་སྤེལ་བ་དང་སྦྲགས། ཕུན་ཚོགས་སྟོབས་ལྡན་གྱིས་ཆ་རྐྱེན་གང་ཡང་མེད་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དགོངས་སེལ་ཞུ་དགོས་པའི་དགོས་འདུན་ཡང་བཏོན་ཡོད།  

སྤྱི་སྒེར་གཉིས་ནས་ཤུགས་རྐྱེན་གང་འཚམས་སླེབ་པར་བརྟེན་ཕུན་སྟོབས་ཀྱིས་གཞི་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དགོངས་སེལ་ཞུ་ཁུལ་གྱི་བརྙན་ཐུང་ཞིག་ཆེད་བསྒྲིགས་བྱས་ནས་བཏོན་པ་དེའི་ནང་། ༼ ཟླ་འགོར་ལ་དྭགས་ཤར་ཕྱོགས་ས་མཚམས་ནང་རྒྱ་མིའི་དམག་མིས་དཔུང་འཇུག་བྱས་རྐྱེན་རྒྱལ་སྤྱི་དང་རྒྱལ་ནང་གི་གསར་འགྱུར་ཚན་པ་ཁག་གཅིག་གིས་ས་བབ་ཆབ་སྲིད་ཀྱི་གནད་དོན་ཐོག་མཁས་པ་ཞིག་གི་ངོ་བོའི་ཐོག་ནས་ང་ལ་བསམ་ཚུལ་དྲིས་པར་ངས་དེར་ལན་འདེབས་བྱས་པ་ཡིན།  རྒྱ་གར་རྒྱལ་སྲུང་བདེ་འཇགས་ལ་དྭགས་ཀྱི་ས་མཚམས་སྲུང་སྐྱོབ་ཐད་ངས་འགན་ཁུར་ལྡན་པའི་སྐད་ཆ་ཐེངས་འགའ་བཤད་མྱོང་ཡོད།  བསམ་ཚུལ་དེ་དག་ང་རང་སྒེར་གྱི་བསམ་ཚུལ་ཁོ་ན་ལས་ཚོགས་པ་སྒྲིག་འཛུགས་གང་ཡང་མཚོན་གྱི་མེད།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་ང་ཚོས་དད་གུས་ཧ་ཅང་ཞུ་ཡུལ་གྱི་ཆོས་ཕྱོགས་དབུ་ཁྲིད་ཅིག་ཡིན།  ངས་ཁོང་གི་དྲུང་ནས་གསུང་ཆོས་ཐེངས་འགའ་ཞུ་མྱོང་ཡོད་པ་མ་ཟད། དུས་འཁོར་དབང་ཆེན་ཡང་ཞུ་མྱོང་ཡོད། དེར་བརྟེན་ཆོས་ཕྱོགས་ཀྱི་ཐོག་ནས་ངས་ཁོང་ལ་མཚན་སྨད་རྩ་བ་ནས་ཞུས་མེད། ངས་གང་བཤད་པ་དེ་དག་ས་བབ་ཆགས་ཚུལ་ལ་མཁས་པ་ཞིག་གི་ལྟ་སྟངས་གང་ཡིན་པ་དེ་དག་གསལ་འདོན་བྱས་པ་ཙམ་རེད། ཐེངས་འདིར་མཚོན་ན་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་རྩོད་རྙོག་སྐོར་ཆགས་ཡོད།  འོན་ཀྱང་ངས་བཤད་པའི་སྐད་ཆ་དེས་མི་འའ་ཤས་ཀྱི་སེམས་ལ་ཕོག་ཐུག་བྱུང་ཡོད་ན་ངས་དགོངས་སེལ་ཞུ་རྒྱུ་ཡིན།  ༽ ཞེས་བཤད་ཡོད།

དེ་ལྟར་ནའང་ཁོ་པས་རྒྱལ་ཡོངས་བརྙན་འཕྲིན་གྱི་བགྲོ་གླེང་སྐབས་ཀྱི་ཤོད་སྟངས་དེ་ནི་མཁས་པ་རྣམ་དཔྱོད་ཅན་ཞིག་གི་ལུས་ངག་གི་རྣམ་འགྱུར་དང་སྒོ་ཀུན་ནས་མི་མཚུངས་ཤིང་།  ཁྲོ་བོའི་རྣམ་འགྱུར་དང་བཅས་ངག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཚིག་རྩུབ་ཀྱིས་དམས།  འོན་ཀྱང་ནང་ཆོས་ནས་ང་ཚོ་ནང་པ་ཚོར་གནོད་བྱེད་ལ་ཇི་མི་མཉམ་པའི་བཟོད་པ་བསྒོམས་དགོས་པ་གསུང་ཡོད།  འདིར་རྩོད་གཞི་ནི་ས་མཚམས་སྐོར་རེད། བོད་མིར་མཚོན་ན་རྒྱ་ནག་གཞུང་གིས་བོད་ས་ཧམ་བཟུང་བྱས་པ་དང་།  ད་ཆ་རྒྱ་གར་གྱི་ས་མཚམས་ལ་ཚེ་ཚེ་བྱེད་ཀྱི་ཡོད། དེར་བརྟེན་རྒྱ་གར་དང་ང་ཚོ་བོད་མིའི་ཁ་གཏད་གཅོག་ས་བཙན་རྒྱལ་རྒྱ་དམར་གཅིག་མཚུངས་ཆགས་ཡོད། 

ཕུན་ཚོགས་སྟོབས་ལྡན་ཁོ་པས་དགོངས་སེལ་དེ་ལྟར་ཞུས་ཡོད་ཀྱང་།  ཉིན་ཤས་རྗེས་རྒྱ་གར་གྱི་དྲ་ལམ་གསར་འགྱུར་ཚན་པ་The Print ཞེས་པའི་གསར་འགོད་པའི་དྲི་བར་ལན་འདེབས་བྱེད་སྐབས་གོང་དུ་དད་པ་ཆེ་མདོག་གི་དགོངས་སེལ་ཞུ་ཁུལ་བྱས་པ་དེ་དག་སྐྱག་རྫུན་ཡིན་པ་ར་འཕྲོད་ཐུབ།  ཕུན་ཚོགས་སྟོབས་ལྡན་གྱིས་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་བོད་མི་བཙན་བྱོལ་བ་ཚོར་སྡང་ཟུག་ཆེན་པོ་བྱས་པ་ནི།   ཁོ་པས་བཏོན་པའི་དཔེ་དེབ། ༼ རྒྱ་དཀར་ནག་གཉིས་ཀྱིས་ཧི་མཱ་ལ་ཡི་ནང་པའི་ས་ཁུལ་ཐོག་དབང་ཤུགས་ཁྱབ་བསྒྱུར་གྱི་རྩེད་འགྲན་ཆེན་མོ། ༽ ཟེར་བའི་ནང་གསལ་པོ་ཡོད།  ཁོ་པས་གསར་འགོད་པར། ལ་དྭགས་ས་ཆ་དེ་བོད་དང་རྒྱ་ནག་གི་མ་རེད། རྒྱ་གར་གྱི་རེད། ཅེས་དང་།  ཡང་དེ་སྔ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་དྭགས་སུ་ཕེབས་སྐབས་ཀྱི་གནད་དོན་དང་སྦྲགས་ནས། ཁོ་པས།  ལ་དྭགས་ས་ཁུལ་དེ་རྒྱ་གར་གྱི་ས་ཆ་རེད།  བོད་དང་རྒྱ་མིའི་མ་རེད།  ལ་དྭགས་ས་ཆ་འདི་ལ་དྭགས་ཡུལ་མི་དང་རྒྱ་གར་ལ་བདག་ཡོད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདིར་ལ་དྭགས་སུ་ཅིའི་ཕྱིར་ཡོང་བ་རེད།  ཅེས་སྐྱོན་བརྗོད་བྱས་པ་དེ་དག་ཉེན་ཚབས་ཆེ་བའི་དབྱེན་དཀྲུག་གི་བྱེད་སྟངས་ཤིག་རེད།  བློ་ཕམ་གྱི་རང་བཞིན་ཡིན་པ་སྨྲོས་མེད་རེད།  

རྒྱ་ནག་དམར་ཤོག་ལ་དགོས་རྒྱུ་དེ་རང་རེད། དབྱེན་སྦྱོར་དཀྲུག་ཤིང་གིས་ནང་ཁུལ་མི་མཐུན་པ་བཟོས་ནས་ཆབ་སྲིད་ཀྱི་ཁེ་ཕན་ཐོབ་ཐབས་བྱ་རྒྱུ་དེ་ནི་དུས་རྟག་ཏུ་རྒྱ་ནག་དམར་པོའི་སྲིད་གཞུང་གི་སྲི་བྱུས་གཙོ་བོ་ཞིག་རེད། ནང་ཁུལ་མི་མཐུན་པ་བཟོས་ནས་ཆིག་སྒྲིལ་གྱི་ནུས་པ་ཉམ་དམས་སུ་བཏང་རྗེས་ས་མམས་སུ་བཙན་འཛུལ་བྱེད་ཀྱི་ཡོད། བོད་ལའང་བཙན་འཛུལ་དེ་ལྟར་བྱས་ཡོད། ད་ཆ་ལ་དྭགས་ཀྱིས་གཙོས་རྒྱ་གར་གྱི་ས་མཚམས་གཞན་ནང་བཙན་འཛུལ་དེ་ལྟར་བྱེད་འགོ་བརྩམས་ཡོད།  ཕུན་ཚོགས་སྟོབས་ལྡན་ཁོ་པའི་བསམ་ཚོད་བྱས་ན་བོད་མིས་ལ་དྭགས་ས་ཆའི་བདག་དབང་རྩོད་བཞིན་ཡོད། དེ་ནི་རྒྱུ་མཚན་ཁུངས་ལུང་རྩ་བ་ནས་མེད་པའི་གཏི་ཐུག་གི་བསམ་བློ་ཞིག་རེད། སེམས་འཁྲལ་བྱེད་དགོས་ན་རྒྱ་མིར་སེམས་འཁྲལ་བྱེད་དགོས་པ་ལས་བཙན་བྱོལ་སྒྲིག་འཛུགས་ལ་སེམས་འཁྲལ་བྱས་ན་རྒྱུ་མཚན་གང་ཡང་མེད་པའི་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་རང་རེད། ཁྱེད་ལྟ་བུ་མཁས་རློམས་ཅན་དག་གིས་མཁས་པའི་བསམ་ཚུལ་དང་སྒོ་ཀུན་ནས་མི་མཚུངས་པའི་ལྟ་ཚུལ་འདི་ལྟར་འཛིན་པ་ནི་ཧ་ཅང་ཡ་མཚན་པའི་གནས་རེད། 

ད་ལྟ་འཛམ་གླིང་གང་སར་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ལ་བརྟེན་ནས་དཀའ་ངལ་ཧ་ཅང་འཕྲད་བཞིན་ཡོད། དུས་སྐབས་འདིར་ང་ཚོ་ཚང་མས་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་རྒྱ་ནག་གིས་རྒྱ་གར་ས་ཐོག་ཏུ་དཔུང་འཇུག་བྱེད་བཞིན་པ་དེར་གདོང་ལེན་བྱེད་དགོས་པ་རེད། རྒྱ་ནག་གིས་བྱས་པ་དེ་དག་དྲན་པའི་ཡུལ་ལས་བརྗེད་ནས་དེ་ལས་ལྡོག་སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དོན་དག་རྩ་བ་ནས་མེད་པར་མཚན་སྨད་ཞུས་ནས་ཧ་ལམ་རྒྱ་གར་གྱི་ས་ཐོག་ཏུ་རྒྱ་མི་འཁྲིད་ཡོང་མཁན་དེ་བོད་མིའི་མགོན་སྐྱབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཡིན་པ་ལྟ་བུའི་གཞི་རྩ་བྲལ་བའི་སྨྱོ་གཏམ་གྱིས་འུར་སྒྲོག་བྱས་པ་ནི་བློ་ལྡན་རྣམ་བར་འགྲོ་བ་ཞིག་ཡེ་ནས་མེད།  

གཞུང་ཚབ་ཟུར་པ་ཞིག་གིས་འཆལ་གཏམ་དེ་རིགས་སྤེལ་བ་དེས་སྤྱི་ཚོགས་མདའ་དཀྲུག་ཕུ་དཀྲུག་བཟོ་རྒྱུ་མ་ཟད། རྒྱ་ནག་དམར་པོས་སིམ་འཛུལ་བྱེད་བཞིན་པར་གདོང་ལེན་བྱ་རྒྱུར་ང་ཚོའི་ཆིག་སྒྲིལ་གྱི་ནུས་པའང་ཉམས་དམས་སུ་གཏོང་བཞིན་ཡོད། དེ་འདྲ་བྱས་པ་ཡིན་ན་རྒྱ་གར་དང་བོད་མི་གཉིས་ཀའི་མངོན་འདོད་བསྒྲུབ་པར་མི་མཐུན་ཕྱོགས་ཀྱི་སྟོབས་ཤུགས་ལ་རྒྱལ་ཁ་སྦྱིན་པ་རེད།  ང་ཚོས་ནང་འཁྲུག་ཇི་ཙམ་བརྒྱབ་པ་དེ་ཚོད་ཀྱིས་ས་མཚམས་སྲུང་སྐྱོབ་ཀྱི་ནུས་པ་ཉམས་རྒྱུ་དང་།  དེ་ལ་བརྟེན་ནས་རྒྱ་ནག་གཞུང་དགའ་པོ་ཡོང་རྒྱུར་ངེས།  

གཞན་ཡང་ཕུན་ཚོགས་སྟོབས་ལྡན་ཁོ་པས་རྒྱ་གར་གྱི་ The Tribune ཞེས་པའི་གསར་ཤོག་ནང་དུ། ལ་དྭགས་ས་ཁུལ་ནི་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ས་ཐིག་ LAC ལས་ཆེས་གལ་གནད་ཆེ་བ་ཆགས་ཡོད་སྐོར་གྱི་ཆེད་རྩོམ་ཞིག་སྤེལ་བའི་ནང་༸གོང་ས་ལྔ་པ་ཆེན་པོ་མཆོག་གི་མཚན་ཆེད་མངགས་དྲུད་ནས་མཚན་ཤས་ཞུ་ཐབས་དང་།  ཁོ་པའི་དཔེ་དེབ་དེའི་ནང་ད་ལྟ་ཧི་མཱ་ལ་ཡ་ས་ཁུལ་དུ་བོད་མི་བཙན་བྱོལ་བ་དེ་དག་ཆབ་སྲིད་ཀྱི་སྟེས་དབང་ཙམ་ཞིག་གི་འོག་ནས་འབྱོར་བ་ཞིག་རྩ་བ་ནས་མིན་པར་རྒྱ་ནག་གཞུང་གིས་སྲིད་བྱུས་བཤམས་པ་ལས་བོད་མི་བཙན་བྱོལ་བ་དེ་དག་རྒྱ་གར་ནང་འབྱོར་རབ་བཤད་ཡོད།    

ཁོ་པས་ས་མཚམས་སུ་དགྲ་བོ་རྒྱ་དམར་གྱིས་དཔུང་འཇུག་བྱེད་བཞིན་པ་དེར་གདོང་ལེན་བྱ་རྒྱུའི་ཚབ་ཏུ་ལོ་རྒྱུས་ལ་འཁྱོག་བཤད་བྱས་ནས་རྒྱ་གར་གཞུང་མང་གཉིས་ཀྱི་བློ་སྒྱུར་ཐབས་བྱེད་བཞིན་ཡོད། རྒྱ་གར་གྱི་ས་མཚམས་བར་དུ་རྒྱ་མི་སླེབས་པ་དེ་ནི་རྒྱ་མིས་བོད་ས་དབང་སྒྱུར་བྱས་པ་ལས་བྱུང་བ་མ་གཏོགས་བོད་མི་བཙན་བྱོལ་བ་ཚོས་རྒྱ་མི་ཆེད་མངགས་འཁྲིད་པ་ཞིག་མིན་པ་ནི་ལོང་བས་བལྟས་ཀྱང་རྒྱལ་ཁམས་ཀྱི་དཔེ་ལྟར་གྱུར་ཡོད། དེ་ལྟར་མིན་པ་དེའང་ངས་ལོ་རྒྱུས་ཁུངས་སུ་བཅོལ་ནས་འདིར་མདོར་ཙམ་བརྗོད་པ་ལ།   

བོད་ནི་གནའ་སྔ་མོ་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན། ལོ་རྒྱུས་ཐོག་འཕགས་བོད་ཡུལ་གཉིས་དབར་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ཀྱི་འབྲེལ་བ་ཧ་ཅང་གཏིང་ཟབ་པོ་ཡོད། འཕགས་བོད་གཉིས་ཀྱི་ས་མཚམས་ལ་མཚོན་ན།  འཛམ་གླིང་ནང་ཆེས་ཞི་བདེ་བག་ཕེབས་ཀྱི་ས་ཁུལ་ཞིག་ཡིན།  ལོ་ངོ་སྟོང་ཕྲག་རིང་ནས་ས་མཚམས་ཀྱི་རྩོད་གཞི་ཟེར་བ་དེ་འདྲ་མེད་པར་ཕན་ཚུན་འགྲུལ་བཞུད་སོགས་སྟབས་བདེའི་ངང་བྱེད་ཐུབ། 

དེ་ཡང་རྒྱ་གར་གནའ་རབས་ཀྱི་རིག་བྱེད་གཞུང་ལས་ངེས་བརྗོད་དང་སྲིད་སྲུང་གི་རིག་བྱེད་ནང་བོད་ལ་ Trivistapa ཞེ་གྲགས།  མ་ཕམ་གཡུ་མཚོ་དང་གངས་ཏེ་སེ་ཆགས་ཡུལ་ཡིན་པ་དང་། གངས་ཏེ་སེ་ནི་ལྷ་དབང་ཕྱུག་ཆེན་པོ་དང་ལྷ་མོ་ཨུ་མ་གནས་ཡུལ་དུ་ངོས་འཛིན་ཞུ་བཞིན་ཡོད།  བོད་མི་ཚོས་ཀྱང་རྒྱ་གར་འཕགས་ཡུལ་ཞེས་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དབུས་པཎ་གྲུབ་དུས་མ་འཁྲུངས་གནས་ཧ་ཅང་རྩ་ཆེན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད།  འདུ་ཤེས་རྩ་ཆེན་དེ་འདྲ་ཞིག་ལོ་རྒྱུས་ཐོག་གཏིང་ཚུགས་པར་བརྟེན་ཡུལ་གཉིས་ཀྱི་དབར་དམ་ཚིག་ཧ་ཅང་གཙང་མར་གནས་ཐུབ་པ་བྱུང་ཡོད། 

ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་དམར་པོའི་སྲིད་གཞུང་གིས་རྒྱ་ནག་ཡོངས་ལ་དབང་སྒྱུར་བྱས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་འདི་གསར་འཛུགས་བྱས་ཡོད། དེ་ནས་རིམ་བཞིན་བོད་སར་བདག་དབང་ཡོད་ཚུལ་བཤད་ནས་བོད་ནང་བཙན་འཛུལ་བྱེད་འགོ་བཙུགས་པ་དང་། བོད་མིས་རྒྱ་ནག་གི་དབང་སྒྱུར་ལ་གདོང་ལེན་བྱེད་སྐབས་རྒྱ་ནག་གཞུང་གིས་བོད་ནང་རྒྱ་དམག་ ༤༠༠༠༠ བཏང་ནས་བོད་ཤར་ཕྱོགས་ནས་ཐོག་མར་འགོ་བརྩམས་ཏེ་རིམ་བཞིན་ལྷ་སར་དྲག་པོའི་སྟོབས་ཤུགས་ཀྱིས་དབང་སྒྱུར་བྱས་ཡོད། 

བོད་ནི་ཆོས་ལྡན་རྒྱལ་ཁབ་ཅིག་ཡིན་སྟབས་དམག་དང་གོ་མཚོན་ལ་དང་དོད་བྱས་མེད། དེར་བརྟེན་རྒྱ་དམག་བོད་སར་བཙན་འཛུལ་བྱེད་སྐབས་བོད་མི་ཚོར་རྒྱ་མིའི་དམག་མིར་གདོང་ལེན་བྱ་རྒྱུའི་གོ་མཚོན་འདང་ངེས་མེད་ཁར་རྒྱ་མིའི་མེ་མདའ་སྦག་སྦག་དང་མེ་སྒྱོགས་ལ་བོད་མི་ཚོས་འགྲན་རྩོད་བྱ་ཐབས་བྲལ་མཐར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ན་ཤིན་ཏུ་ཕྲ་ཡང་ཆོས་སྲིད་ཀྱི་བདག་པོར་མངའ་གསོལ་ནས་མགོན་པོ་གང་ཉིད་ཀྱི་དབུ་ཁྲིད་འོག བོད་གཞུང་བཀའ་ཤག་གིས་རྒྱ་ནག་གི་བཙན་འཛུལ་ཟློག་སླད་རྒྱ་གར་དང་རྒྱལ་སྤྱིར་རོགས་རམ་ཡོང་བའི་འབོད་སྐུལ་བསྟུད་མར་ཞུས་ཀྱང་ཡ་ལན་བྱེད་མཁན་མ་བྱུང་།

གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བར་སྙད་དེ་བོད་ས་དབང་སྒྱུར་བྱས།  རྒྱལ་སྤྱིའི་སྒྲིག་འཛུགས་ཀྱིས་ཁ་ཁུ་སིམ་པོར་བསྡད་པ་རེད།  དེའི་རྐྱེན་གྱིས་རྒྱ་ནག་གཞུང་ལ་གདེང་སྤོབས་དེ་བས་ཆེ་རུ་ཕྱིན་ནས་དོན་ཚན་བཅུ་བདུན་གྱི་འབྲུ་དོན་བརྡལ་བཤིག་བཏང་ནས་བོད་ནང་མི་རིགས་རྩ་མེད་ཀྱི་སྲིད་བྱུས་ལག་བསྟར་བྱས་ནས་མཐར་ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་མི་རྣམས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་ནག་གི་དབང་སྒྱུར་ལ་ཞི་རྒོལ་རྔམ་སྟོན་བྱས་ཡོད། སྐབས་དེར་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་ཤུགས་ཆེ་བྱས་རྐྱེན་བོད་མི་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་ཡོད། 

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་འོག་བོད་མི་ཁྲི་བརྒྱད་ཙམ་རྒྱ་གར་ནང་བྲོས་བྱོལ་དུ་ཆིབས་སྒྱུར་བསྐྱངས་ཡོད།  བོད་མི་རྣམས་བཙན་བྱོལ་ལ་གྱར་དགོས་པའི་བརྒྱུད་རིམ་འདི་ལྟར་རེད།  དེར་བརྟེན་ཕུན་ཚོགས་སྟོབས་ལྡན་ཁྱེད་རང་གིས་ཤོད་སྟངས་དེར་རྒྱུ་མཚན་འདུག་གམ། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་དབུ་ཁྲིད་པའི་བོད་མི་བཙན་བྱོལ་བ་དེ་དག་རྒྱ་ནག་གཞུང་དང་ལྐོག་ཏུ་ཁ་མཐུན་ནས་རྒྱ་གར་གཞུང་མང་གཉིས་ལ་གནོད་པའི་ཆབ་སྲིད་ཀྱི་དམིགས་ཡུལ་བསྒྲུབ་ཆེད་འདིར་ཡོང་བ་ཞིག་རེད་འདུག་གམ་ལྟོས་དང་།   

མའོ་ཙེ་ཏུང་གིས་དེ་སྔ་བཤད་པ་ལྟར་ན། བོད་དེ་ལག་མཐིལ་ལ་དཔེ་བཞག་ནས་བལ་ཡུལ་དང་ལ་དྭགས། ཨ་རུ་ནཱ་ཅལ། འབྲུག་ཡུལ། འབྲས་ལྗོངས་དེ་དག་མཛུབ་མོ་ལྔ་ཡིན་པ་དཔེ་མཚོན་དུ་བཀོད་ནས་བོད་ངེས་པར་དུ་དབང་སྒྱུར་བྱེད་དགོས་པ་དང་།  བོད་ཀྱི་ས་བབ་ཆགས་སྟངས་དེ་ཧ་ཅང་གལ་གནད་ཆེན་པོར་བརྩིས་ནས་ལག་མཐིལ་ལྟ་བུའི་བོད་དེ་དབང་སྒྱུར་བྱེད་ཐུབ་པ་ཡིན་ན་མཛུབ་མོ་ལྔ་པོར་དབང་སྒྱུར་བྱ་རྒྱུ་ལས་སླ་ཚུལ་བཤད་ཡོད། དེར་བརྟེན་ད་ཆ་ང་ཚོའི་མིག་གི་མདུན་དུ་རྒྱ་ནག་དམར་པོའི་སྲིད་གཞུང་གིས་མའོ་ཙེ་ཏུང་གི་དམིགས་ཡུལ་སྒྲུབ་ཐབས་བྱེད་བཞིན་པ་མཐོང་ཆོས་སུ་ཡོད་པ་འདི་རེད། 

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་རྒྱ་གར་ང་ཚོའི་བླ་མ་ཡིན་ཞིང་ང་ཚོ་བོད་མི་ཚོ་རྒྱ་གར་གྱི་སློབ་མ་ཡིན་པ་མ་ཟད།  ཚད་ཐུབ་ཀྱི་སློབ་མ་ཡིན་སྐོར་བཀའ་སློབ་སྩལ་བ་དང་།  རྒྱལ་སྤྱིའི་སྡིངས་ཆའི་སྟེང་མང་ཚོགས་ཁྲི་ཕྲག་མང་པོར་བཀའ་སློབ་སྩོལ་སྐབས་རྒྱ་གར་གཞུང་མང་གཉིས་ལ་བཀའ་དྲིན་རྗེས་དྲན་ཡང་ཡང་ཞུས་དང་ཞུ་མུས་ཡིན་པ་མ་ཟད། མགོན་པོ་གང་ཉིད་རྒྱ་གར་གྱི་བུ་ཞིག་ཡིན། ཞེས་ཐུགས་སྤོབས་ཆེན་པོས་བཀའ་སློབ་ལན་གཅིག་མིན་པར་ཡང་ཡང་སྩལ་བ་དེ་ལྟར་ཡིན།  

ལྷག་པར་༸སྐུའི་རླབས་ཆེན་གྱི་མཛད་འགན་གཙོ་བོ་བཞིའི་ཁོངས་ནས་བཞི་པ་སྟེ།  དེང་རབས་རྒྱ་གར་སྤྱི་ཚོགས་གསར་པའི་ཁྲོད།  རྒྱ་གར་གནའ་རབས་ཀྱི་སེམས་ཁམས་རིག་པའི་རྣམ་གཞག་དང་།  ཡང་སྒོས་དཔལ་ནཱ་ལེནྡྲའི་པཎ་གྲུབ་རྣམས་ཀྱིས་གཏན་ལ་ཕབ་པའི་སེམས་ཁམས་རིག་པ་དང་། ཚད་མ་རིག་པའི་རྣམ་གཞག་དེ་དག་བསྐྱར་གསོ་ཡོང་ཐབས་མཛད་བཞིན་པ་དེ་རེད། དེར་བརྟེན་ཕུན་ཚོགས་སྟོབས་ལྡན་ཁོ་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ཀྱི་བདེན་པའི་འཐབ་རྩོད་ལས་གཞན་པའི་ཆབ་སྲིད་ཀྱི་དམིགས་ཡུལ་ཡོད་མདོག་གིས་འཁྱོག་བཤད་བྱས་པ་དང་། དམིགས་ཡུལ་དེ་བསྒྲུབ་ཆེད་རྒྱ་ནག་གཞུང་དང་མཉམ་དུ་ལག་སྦྲེལ་གྱིས་བྱུས་ངན་གཤོམ་བཞིན་ཡོད་མདོག་གི་ཤོད་སྟངས་དེ་ནི་བསམ་ཡུལ་ལས་འདས་པའི་བྱ་སྤྱོད་ཧ་ཅང་ཐལ་ཆ་ཆེ་ཞིང་། བྱེད་བབ་དེ་རིགས་ནི་འཕགས་བོད་གཉིས་དབར་ལོ་ངོ་སྟོང་ཕྲག་རིང་ནས་བླ་སློབ་ཀྱི་འབྲེལ་བ་ཟབ་མོ་ཡོད་པ་དེ་དག་རྨེག་མེད་དུ་གཏོང་ཐབས་བྱས་པ་ཞིག་ཅི་ལ་མིན།  ཕུན་སྟོབས་ཀྱིས་འཕགས་བོད་གཉིས་ཀྱི་དམ་ཚིག་འོ་མཚོ་དཀར་པོ་ཁྲག་གིས་དཀྲུག་ཐབས་བྱས་ཀྱང་དེར་ལམ་ལྷོངས་ཡོང་མི་སྲིད།

བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཉེ་ལམ་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་རྩོད་རྙོག་དང་འབྲེལ་ནས་གསར་འགོད་པ་ཁག་གཅིག་ལ་གསལ་བཤད་གནང་སྐབས།  ལ་དྭགས་དང་ཨ་རུ་ནཱ་ཅལ། འབྲས་ལྗོངས་ས་ཁུལ་དེ་དག་ཡོངས་རྫོགས་རྒྱ་གར་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་པ་གསུང་ཡོད།  དེར་བརྟེན་འཕགས་བོད་གཉིས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གྱིས་ས་མཚམས་སུ་རྒོལ་བཞིན་པའི་དགྲ་བོ་རྒྱ་དམར་ལ་ཁ་གཏད་གཅོག་དགོས། 

མཐའ་དོན་སྔ་མོའི་ལོ་རྒྱུས་ལུང་འདྲེན་བྱེད་དགོས་ན།  ངས་འདིར་རྒྱ་གར་གྱི་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་བྷིམ་རའོ་ཨེན་བྷེཌ་ཀར་མཆོག་གིས་གསུང་པ་ཞིག་ལུང་འདྲེན་ཞུ་རྒྱུ་ཡིན། ༼ རྒྱ་གར་གཞུང་གིས་ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དེར་ངོས་ལེན་གནང་བ་རེད། གལ་ཏེ་རྒྱ་གར་གཞུང་གིས་དེའི་ཚབ་ཏུ་བོད་རང་བཙན་རྒྱལ་ཁབ་ཅིག་ལ་ངོས་ལེན་གནང་ཡོད་ན། ད་ལྟའི་ས་མཚམས་ཀྱི་རྩོད་རྙོག་དེ་དག་ཡོང་གི་མ་རེད། རྒྱ་ནག་གཞུང་གིས་བོད་ས་བཙན་འཛུལ་བྱེད་སྐབས་ཀྱང་ང་ཚོས་བཏང་སྙོམས་སུ་བསྡད་པ་རེད། དེ་ནི་ཆེད་མངགས་རང་གི་སྒོ་རྩར་རྒྱ་མི་འབོད་པ་དང་གཅིག་པ་རེད། ༽ ཅེས་གསུངས།།

 

གོང་གི་ཆེད་རྩོམ་འདི་ནི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱི་བསམ་ཚུལ་ལས་འདི་ག་ལས་ཁུངས་ཀྱི་བསམ་ཚུལ་ཡིན་པའི་ཁྱབ་པ་མེད།  ཨིན་ཡིག་ནས་ཕྱི་དྲིལ་བོད་ཡིག་ཚན་པས་ཕབ་སྒྱུར་ཞུས།