གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༨ རེས་གཟའ་ཟླ་བ། 

༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་རིམས་གཉན་རིམས་སྔོན་འགོག་ཆེད་སྤོན་ཌོ་བཀྲིས་གླིང་དང་། མཚོ་པདྨའི་གཞིས་མི་རྣམས་ལ་བདུན་རེའི་ནང་ཐེངས་རེར་ཚ་བ་བརྟག་དཔྱད་གནང་བཞིན་ཡོད། དབུས་ནང་སྲིད་ལས་ཁུངས་ནས་ཛ་དྲག་གི་དུས་སྐབས་འདིར་ཁྱབ་ཁོངས་སོ་སོའི་ནང་དཀའ་ངལ་འཕྲད་བཞིན་པའི་ཉམ་ཐག་ཨང་ཐོབ་ཅན་མིན་པ་རང་རེའི་བོད་མིའི་ཁྲོད་ནས་འཆད་འུ་ཐུག་དང་ཁ་ཚ་དགོས་གཏུག་གི་རོགས་སྐྱོར་གནང་དགོས་རིགས་ལ་བཟའ་བཅའ་མཐུན་འགྱུར་གྱི་བཀའ་འཁྲོལ་དངུལ་འབོར་བསྩལ་ཁོངས་ནས་ཁྱབ་ཁོངས་གཞིས་མི་གསུམ་ལ་སྒོར་ ༣,༤༡༠ འབབ་ཀྱི་བཟའ་བཅའ་བགོས་འགྲེམས་ཞུས་ཐུབ་པ་བྱུང་ཡོད།

འདི་གའི་ཉེ་འཁྲིས་རྒྱ་གར་ལས་ཁུངས་ཁག་གི་ལས་བྱེད་རྣམས་ལ་སྦིར་ས་གནས་སུ་ཡོད་པའི་སྐུ་ཞབས་དབང་འདུས་ལགས་ནས་བཟོས་པའི་གདོང་འགེབས་བགོས་འགྲེམས་ཞུས་ཡོད། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་བོད་མི་རང་ལོ་ ༦༥ ཡན་རྣམས་ལ་ལུས་ཟུངས་གསོ་བྱེད་གསོལ་སྨན་འབུལ་དགོས་ཕེབས་པ་བཞིན། འདི་གའི་ཁྱབ་ཁོངས་སུན་མཚོ་མན་གསུམ་དང་། སྤོན་ཌོ་བཀྲིས་གླིང་། མཚོ་པདྨ་དང་དབུ་རྩེ་རི་ཁྲོད་དུ་གནས་སྡོད་བཅས་ཁྱོན་གཞིས་མི་རང་ལོ་ ༦༥ ཡན་སོན་པ་མི་གྲངས་ ༨༠ ཐམ་པར་གསོལ་སྨན་བགོས་འགྲེམས་ཞུས་ཐུབ་པ་བྱུང་ཡོད།

རྒྱ་གར་དབུས་གཞུང་ནས་སྒོ་རྒྱག་བཀའ་རྒྱ་ལྷོད་གཡེང་གིས་འགྲུལ་བཞུད་མཐུན་རྐྱེན་སྦྱར་རྗེས་འདི་ནས་རོགས་རམ་མཐུན་འགྱུར་འོག་གཞིས་མི་གྲངས་ ༡༠ ལ་འགྲུལ་བཞུད་ཆོག་མཆན་ཞུས་ཡོད་པ་དང་། ད་བར་སྤོན་ཌོ་བཀྲིས་གླིང་དང་སུན་མཚོ་མན་གསུམ་ནང་གཞིས་མི་གྲངས་ ༡༢ རང་གནས་སུ་བདེ་འབྱོར་ཐུབ་པ་བྱུང་ཡོད། འདི་གའི་ཁྱབ་ཁོངས་སྤོན་ཌོ་བཀྲིས་གླིང་དུ་ཚོགས་བཀག་འགོག་དབྱེ་ཟུར་འཇོག་གྲ་སྒྲིག་ཞུས་ཡོད། དེ་མིན་འདི་གའི་ཁྱབ་ཁོངས་ཁ་འཐོར་ས་གནས་སུན་མཚོ་མན་གསུམ་ལ་ས་ཆའི་གནས་སྟངས་རྐྱེན་པའི་འགོག་དབྱེ་ཟུར་འཇོག་མཐུན་འགྱུར་མེད་ནའང་ཉེན་ཚབས་ཆེ་བའི་ས་ཁུལ་ནས་ཡོང་མཁན་རྣམས་མངའ་གཞུང་གི་ཚོགས་བཀག་འགོག་དབྱེ་ཟུར་འཇོག་ནང་བཞག་བཞིན་ཡོད། ནང་སྲིད་ལས་ཁུངས་ནས་འཚོ་སྣོན་གནང་འབྱོར་བྱུང་བ་ཁག་ཉམ་ཐག་རྣམས་ལ་དུས་ཐོག་བགོ་འགྲེམས་ཞུས་ཡོད་བཅས། །