ཟླ་བ་ ༦ ཚེས ༡༦ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༦ རེས་གཟའ་མིག་དམར།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱ་གར་བྱང་ཤར་Northeast Live ཞེས་པའི་གསར་འགྱུར་ཚན་པའི་གསར་འགོད་པ་སྐུ་ཞབས་ Wasbir Hussain ཞེས་པའི་བཅར་འདྲི་དང་ལེན་གནང་འདུག

གསར་འགོད་པ།  འདས་པའི་བདུན་ཕྲག་འགའ་ཤས་ནང་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཇེ་ཆེར་འགྲོ་བཞིན་པའི་ཛ་དྲག་གི་དུས་སྐབས་འདིར་རྒྱ་ནག་གཞུང་གིས་ས་མཚམས་སུ་དཔུང་འཇུག་བྱེད་ཤུགས་ཆེ་རུ་བཏང་ནས་དཀའ་ངལ་བཟོ་བཞིན་པ་དེར་ཁྱེད་རང་དགོངས་ཚུལ་གང་ཡོད། བྱེད་བབ་དེས་ཁྱེད་རང་ཧང་སང་དགོས་བྱུང་ངམ།

དཔལ་ལྡན་སྲིད་སྐྱོང་མཆོག  ང་རང་བོད་མི་ཞིག་ཡིན་པའི་ངོས་ནས་རྒྱ་ནག་གཞུང་གི་བྱེད་བབ་དེར་ཧང་སང་མ་བྱུང་། རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་མའོ་ཙེ་ཏུང་གིས་བོད་ས་ཧམ་བཟུང་བྱེད་སྐབས། བོད་དེ་ལག་མཐིལ་ཡིན་པ་དང་། བལ་ཡུལ་དང་འབྲས་ལྗོངས་། ལ་དྭགས། ཨ་རུ་ནཱ་ཅལ་པར་དེ་ཤི། འབྲུག་བཅས་ལྔ་པོ་མཛུབ་མོ་ལྔ་ཡིན་པ། ལག་མཐིལ་དབང་བསྡུ་ཐུབ་ཚེ་མཛུབ་མོ་ལྔ་པོ་རྣམས་ལས་སླ་པོར་དབང་སྒྱུར་བྱ་ཐུབ་པ་བཤད་ཡོད།  དེར་བརྟེན་ཐེངས་འདིར་ལ་དྭགས་དང་འབྲས་ལྗོངས་ས་མཚམས་སོགས་སུ་རྒྱ་ནག་གཞུང་གིས་དཔུང་འཇུག་བྱས་པ་དེར་ང་རང་ཧང་སང་དགོས་པ་གང་ཡང་མ་བྱུང་། ཕྱི་ལོ་ ༢༠༡༧ ལོར་རྒྱ་མིའི་འབྲོག་ལམ་ཁུལ་དུ་རྒྱ་གར་ས་མཚམས་དམག་མིར་སུན་གཙེར་བཟོས་པ་རེད། ད་ཐེངས་ལ་དྭགས་ཕྱོགས་སུ་བྱུང་ཡོད། ས་མཚམས་དེ་གཉིས་ཀའི་ནང་རྒྱ་ནག་གཞུང་གིས་དམག་དོན་རྒྱ་སྐྱེད་ལས་གཞི་ཤུགས་ཆེ་སྤེལ་དང་སྤེལ་མུས་རེད། ཕྱི་ལོ་ ༡༩༥༠ ལོར་བོད་ས་ཡོངས་རྫོགས་རྒྱ་ནག་གཞུང་གིས་དབང་སྒྱུར་བྱས་པ་རེད། བོད་མི་ཚོས་ལོ་ངོ་དྲུག་ཅུའི་རིང་བསགས་པའི་ཉམས་མྱོང་དེ་ལས་རྒྱ་གར་གྱིས་ངེས་པར་བློ་སྐྱེད་ལེན་དགོས་པ་ང་ཚོས་ཡང་ཡང་བརྗོད་ཡོད། ད་ཆ་ང་ཚོས་བཤད་པའི་སྐད་ཆ་དེ་དག་ར་འཕྲོད་ཐུབ་བཞིན་ཡོད། ད་ལྟ་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནས་འཛམ་གླིང་ཁྱོན་དུ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཕྱིན་ཡོད་སྟབས། ནད་ཡམས་སྔོན་འགོག་དང་སྨན་བཅོས་སོགས་ལ་མིའི་ནུས་ཤུགས་གཏོང་དགོས་པ་ལས་ས་མཚམས་སུ་དོན་མེད་རྙོག་གཞི་དེ་དག་རྩ་བ་ནས་དགོས་མཁོ་མེད། ཤེས་བཞིན་དུ་རྒྱ་ནག་གཞུང་གིས་དེ་ལྟར་བྱེད་བཞིན་ཡོད། 

གསར་འགོད་པ། ཏོག་དབྱིབས་གཉན་རིམས་སྔོན་འགོག་མ་ཐུབ་པའི་འགན་དེ་རྒྱ་ནག་གཞུང་ལ་ཡོད་ཅིང་། རྒྱལ་ཁབ་བརྒྱ་དང་ཉི་ཤུས་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་ཐད་ཞིབ་འཇུག་དགོས་པའི་དགོས་འདུན་ཤུགས་ཆེ་བཏོན་ཡོད། དེར་བརྟེན་མི་མང་པོ་ཞིག་གིས་ད་ལྟའི་རྒྱ་ནག་གཞུང་གི་ས་མཚམས་སོགས་སུ་རྒྱུན་ལྡན་མིན་པའི་བྱ་སྤྱོད་སྤེལ་བཞིན་པ་དེ་དག་ཆེད་མངགས་རང་སྐྱོན་སྦ་ཐབས་བྱེད་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད།

དཔལ་ལྡན་སྲིད་སྐྱོང་མཆོག དེ་བདེན་པ་རེད། འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་སྒྲིག་འཛུགས་དེ་བཞིན་སྤྱིར་གཟུར་གནས་ཡིན་ཡང་རྒྱ་ནག་གཞུང་ལ་བློ་གཏད་བྱེད་མཁན་ལས་བྱེད་པ་ཁག་གཅིག་ཡོད།  འོན་ཀྱང་ད་ཐེངས་ཁོ་པ་ཚོས་ཀྱང་ནད་ཡམས་ཀྱི་འབྱུང་ཁུངས་ཐད་ཞིབ་འཇུག་དགོས་པའི་དགོས་འདུན་འདོན་བཞིན་ཡོད།  རྒྱལ་ནང་དང་རྒྱལ་སྤྱིའི་གནོན་ཤུགས་ལ་བརྟེན་ནས་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་དེ་དག་དངངས་འཚབ་ཀྱིས་བོད་ནང་ལ་མཚོན་ནའང་དེང་སྐབས་དམ་བསྒྲགས་ཤུགས་ཆེ་བཏང་འདུག དགོན་པར་དམ་བསྒྲགས་ཆེ་རུ་བཏང་བ་མ་ཟད། གྲྭ་བཙུན་རྣམས་ལ་རྫོང་གི་ཕྱི་ལ་གཞུང་གི་བཀའ་འཁྲོལ་མེད་པར་འཐོན་མ་ཆོག་པ།  བོད་མི་ཚོར་རྫོང་དང་མངའ་སྡེ་གཞན་གི་ནང་དུ་འགྲོ་རྒྱུར་དམ་བསྒྲགས་བྱེད་པ་སོགས་མདོར་ན་རྒྱ་ནག་གཞུང་ལ་གདེང་སྤོབས་དེ་ཙམ་མེད་པའི་རྣམ་གྱུར་མངོན་བཞིན་འདུག 

གནོན་ཤུགས་དེ་དག་ལ་བརྟེན་ནས་ཏོག་དབྱིབས་གཉན་རིམས་སྔོན་འགོག་གི་ལས་དོན་ཐོག་འཐུས་ཤོར་བཏང་བའི་རང་སྐྱོན་སྦ་གསང་ཆེད་རྒྱ་གར་ས་མཚམས་དང་ལྷོ་རྒྱ་ནག་རྒྱ་མཚོ་སོགས་ཀྱི་ནང་ཆེད་མངགས་རྙོག་གྲ་བཟོ་བཞིན་ཡོད།  དེ་ལྟར་ཐབས་ལམ་དཔྱད་ནས་གཞན་གྱི་དོ་སྣང་བྱེད་སའི་གནས་ཚུལ་གསར་པ་ཞིག་ཆེད་མངགས་བཟོ་བཞིན་ཡོད་པ་རེད།  

གསར་འགོད་པ།  ཏོག་དབྱིབས་ཅན་གྱི་ཕྲ་སྲིན་དེ་ཆེད་མངགས་གྲོང་ཁྱེར་ཝུ་ཧན་གྱི་མཚོན་ཆ་བཟོ་ལས་ཁང་ནས་ཤོར་བ་ཞིག་ལ་ངོས་འཛིན་གནང་གི་ཡོད་དམ།

དཔལ་ལྡན་སྲིད་སྐྱོང་མཆོག  ད་ལྟ་ཞུ་ཚོད་མ་ཐིག  འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ལྷན་ཁང་གི་ཚན་རིག་པས་དྲང་བདེན་གྱིས་བརྟག་དཔྱད་བྱས་ནས་སྙན་ཐོ་ཞིག་འཐོན་ཐུབ་ན་ད་གཟོད་དངོས་ཡོད་གནས་ཚུལ་གསལ་རྟོགས་ཐུབ། ཆེད་མངགས་ཡིན་མིན་མི་ཤེས་ཀྱང་སྔོན་འགོག་ཚད་ལྡན་མ་ཐུབ་པར་བརྟེན་ནས་ཕྲ་སྲིན་དེ་ཕྱི་ལ་ཁྱབ་གདལ་བྱུང་བ་ཞིག་རེད་འདུག   

གསར་འགོད་པ།  ད་ལྟའི་རྒྱ་གར་གྱི་དམག་མིའི་གནས་སྟངས་དེ་སྔ་ཕྱི་ལོ་ ༡༩༦༢ ལོའི་གནས་སྟངས་དང་གཅིག་པ་ཞིག་རྩ་བ་ནས་མིན། ཡར་རྒྱས་ཧ་ཅང་ཕྱིན་ཡོད། རྒྱ་ནག་གཞུང་གིས་གསལ་པོར་ཤེས། ཆེད་མངགས་རྒྱ་གར་དམག་མི་དང་གདོང་ཐུག་རྒྱག་བཞིན་ཡོད། དེར་ཁྱེད་ལ་དགོངས་ཚུལ་གང་ཡོད། 

དཔལ་ལྡན་སྲིད་སྐྱོང་མཆོག  རྒྱ་ནག་གཞུང་ལ་འཛམ་གླིང་ནང་གི་སྟོབས་ཆེན་རྒྱལ་ཁབ་ཅིག་ཆགས་རྒྱུའི་དམིགས་ཡུལ་ཡོད་པ་རེད། འོན་ཀྱང་ད་ལྟའི་བྱེད་སྟངས་དེ་ནི་དེ་སྔ་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པའི་སྐབས་ཀྱི་འགོ་ཁྲིད་ཚོས་དམག་གི་སྟོབས་ཤུགས་ངོམས་ནས་མཐར་རྒྱལ་ཁབ་ཕན་ཚུན་དམག་འཁྲུག་བྱུང་བ་རེད། དེ་ལས་ཀྱང་སྔོན་གྱི་རྒྱལ་རབས་ལ་གཞིགས་ཀྱང་ཨིན་ཇིའི་རྒྱ་སྐྱེད་རིང་ལུགས་དང་དེ་ལས་ཆེས་སྔ་བ་རོམ་རྒྱ་སྐྱེད་ལམ་ལུགས་ཀྱི་བྱེད་སྟངས་ཤིག་ཡིན། མི་འབོར་གྱི་ཆ་ནས་བཤད་ན་རྒྱ་གར་ནང་མི་འབོར་ཧ་ཅང་མང་པོ་ཡོད། དེར་བརྟེན་རྒྱ་ནག་གིས་དམག་གི་སྟོབས་ཤུགས་ངོམས་ཀྱང་རྒྱ་གར་ལ་མི་འབོར་ཡོད་པ་རེད། ད་ལྟའི་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་རྩོད་རྙོག་དེ་རྒྱ་ནག་གཞུང་གིས་བོད་ས་ཧམ་བཟུང་བྱས་པ་ལ་བརྟེན་ནས་རྒྱ་གར་གྱི་ས་མཚམས་ཐོག་རྒྱ་མི་སླེབས་པ་ཞིག་རེད།  དེར་བརྟེན་ཇི་སྲིད་བོད་ཀྱི་གནད་དོན་གསལ་ཐུབ་པ་ཡིན་ན། རྒྱ་དཀར་ནག་གཉིས་ས་མཚམས་ཀྱི་རྙོག་གྲ་དེའང་རང་བཞིན་གྱི་ཞི་འགྲོ་བ་རེད། རྒྱ་ནག་གཞུང་གིས་ཀྱང་བོད་ཀྱི་གནད་དོན་དེ་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བའི་དབར་གནད་དོན་གལ་འགངས་ཆེ་ཤོས་ཡིན་པ་ཁས་ལེན་བྱས་ཡོད། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་པིང་ཁོ་པས་ཀྱང་རྒྱ་ནག་རྒྱལ་ནང་གི་བརྟན་ལྷིང་ནི་མཐའ་མཚམས་བོད་ཀྱི་བརྟན་ལྷིང་ལ་རག་ལས་པ་བཤད་ཡོད།

གསར་འགོད་པ། ཉེ་ལམ་ལ་དྭགས་ཡུལ་མི་ཞིག་གིས་རྒྱ་ནག་གི་ཚོང་ཟོག་ཉོ་རྒྱུ་མཚམས་འཇོག་དགོས་པའི་མང་ཚོགས་ལ་འབོད་སྐུལ་བྱས་ཡོད། ད་ཆ་ལས་འགུལ་དེ་ཧ་ལམ་རྒྱ་གར་རྒྱལ་ཡོངས་ཀྱི་ལས་འགུལ་ལྟ་བུ་ཆགས་འདུག ཁྱེད་ལྟར་ན་ལས་འགུལ་དེས་མང་ཚོགས་ཁྲོད་ནུས་ལྡན་ཞིག་ཡོང་ཐུབ་བམ། 

དཔལ་ལྡན་སྲིད་སྐྱོང་མཆོག  ཁྲལ་སྤར་བ་ཡིན་ན་ཕྱིའི་དངོས་ཟོག་རང་བཞིན་གྱི་ཉུང་དུ་འགྲོ་རྒྱུ་རེད། ཨ་རིར་གཟིགས་དང་། རྒྱ་ནག་གི་ཚོང་ཟོག་ལ་ཁྲལ་སྤར་བར་བརྟེན་ཨ་རིའི་ནང་རྒྱ་ནག་གི་ཅ་དངོས་ཉུང་དུ་འགྲོ་རྒྱུ་དང་།  ཕྱོགས་མཚུངས་ཕྱི་ནས་ཚོང་ཟོག་ནང་དུ་ཡོང་རྒྱུ་དང་ནང་གི་ཚོང་ཟོག་ཕྱི་ལ་འཚོང་ཆེད་ཆོག་མཆན་ལག་འཁྱེར་བཟོ་དགོས། རྒྱལ་ནང་གི་བདེ་འཇགས་དེའང་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན་མང་ཚོགས་ལ་དུས་ཐོག་གོ་རྟོགས་སྤེལ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། གལ་ཏེ་ཁྱེད་ཀྱི་རྒྱ་ནག་ནས་བཟོས་པའི་འཕྲུལ་ཆས་དང་སྤྱི་ཚོགས་དྲ་རྒྱ་སོགས་བཀོལ་སྤྱོད་བྱས་ཚེ་རྒྱ་ནག་གི་དཔལ་འབྱོར་ལ་ཞབས་འདེགས་བསྒྲུབ་བཞིན་ཡོད། མང་ཚོགས་ཀྱིས་ངེས་པར་དོ་སྣང་གནང་དགོས། དེ་ལྟར་ཡིན་ནའང་དངོས་ཡོད་གནས་སྟངས་ལ་གཞི་བཅོལ་ནས་ལྟ་སྐབས་མི་མང་གིས་རང་གི་དཔལ་འབྱོར་གྱི་གནས་བབ་ལ་གཞིགས་ཏེ་རིན་བབ་ཇི་ཙམ་ཆུང་བ་དེ་དག་ཉོ་རྒྱུ་ཡིན་པ་ཆོས་ཉིད་རེད། འོན་ཀྱང་ངས་དེ་སྔ་ཐེངས་མང་ཞུས་པ་ལྟར་རྒྱ་གར་ནང་གི་གློག་བརྙན་འཁྲབ་སྟོན་པ་མང་པོས་རྒྱ་ནག་གིས་བཟོས་པའི་ཅ་དངོས་ཁྱབ་བསྒྲགས་བྱེད་བཞིན་པ་དེ་དག་ངེས་པར་མཚམས་འཇོག་གནང་རྒྱུར་དགོངས་པ་བཞེས་ཐུབ་ཚེ་ཕན་རླབས་ཧ་ཅང་ཡོང་ངེས། གང་ཡིན་བརྗོད་ན་གློག་བརྙན་འཁྲབ་སྟོན་པ་དེ་དག་དབུལ་ཕོངས་ཉམ་ཐག་མིན། ཁོང་ཚོས་གང་གནང་བ་དེ་དག་ཆེད་མངགས་དངུལ་རང་གི་ཆེད་དུ་ཡིན་སྟབས། ཁོང་ཚོས་ཁྱབ་བསྒྲགས་བྱེད་མཚམས་བཞག་ཐུབ་ཚེ་མང་ཚོགས་ལ་དེ་བས་བློ་སྤོབས་སྐྱེ་རྒྱུ་དང་། དེ་ལ་བརྟེན་ནས་ལས་འགུལ་དེར་ནུས་པ་འཐོན་ངེས་རེད། ཅེས་སོགས་ལན་འདེབས་གནང་འདུག །