ཟླ་བ་ ༦ ཚེས ༣༠ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༣༠ རེས་གཟའ་མིག་དམར། 

 

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ལྷོ་ཨེ་ཤི་ཡའི་ཕྱི་རྒྱལ་གསར་འགོད་མཐུན་ཚོགས་ The Foreign Correspondents Club of South Asia ཞེས་པའི་འགན་འཛིན་སྐུ་ཞབས་ཨེས་ཝེན་ཀ་ཊི་ན་རཱ་ཡན་ S.Venkat Narayan ལགས་དང་། ཚོགས་མི་མུ་ནིཤ་གུཔ་ཊ་ Munish Gupta ལགས། ཨ་ཤོཀ་ཤར་མ་ Ashok Sharma ལགས། ཝི་ནི་ཊ་པན་དེ་ Vinita Panday ལགས་བཅས་ནས་ལྷོ་ཨེ་ཤི་ཡའི་ཕྱི་རྒྱལ་གསར་འགོད་མཐུན་ཚོགས་ཀྱི་བཅར་འདྲི་ཐེངས་ ༦ པའི་ཐོག་ཆེད་དུ་གདན་ཞུ་གནང་སྟེ་དྲ་རྒྱ་བརྒྱུད་བོད་ཀྱི་གནད་དོན་དང་རྒྱ་དཀར་ནག་གཉིས་ཀྱི་རྩོད་རྙོག་སྐོར་བཅར་འདྲི་ཞུས་པ་གཤམ་གསལ།
ཝེན་ཀ་ཊི་ན་རཱ་ཡན་ལགས་ཀྱིས།  རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༠ ལོར་བོད་ས་དབང་སྒྱུར་མ་བྱས་གོང་རྒྱ་དཀར་ནག་གི་དབར་ས་མཚམས་རྩོད་རྙོག་བྱུང་མྱོང་མེད། དེ་སྔ་རྒྱ་ནག་གི་གཙོ་འཛིན་མའོ་ཙེ་ཏུང་དང་ཁོང་གི་ལས་རོགས་ཚོས་བོད་ནི་ལག་མཐིལ་ཡིན་ཞིང་། མཛུག་གུ་ལྔ་ནི་ལ་དྭགས་དང་། འབྲས་ལྗོངས། ཨ་རུ་ནཱ་ཅལ། བལ་ཡུལ། འབྲུག་བཅས་རེད། ཅེས་བརྗོད་ཡོད། མ་འོངས་པར་ཁོ་པ་ཚོས་ས་ཁུལ་དེ་དག་དབང་སྒྱུར་བྱ་རྒྱུའི་འཆར་གཞི་ཡོད་དམ། བོད་རྒྱ་གྲོས་མོལ་གྱི་གནས་སྟངས་གང་འདྲ་ཡིན་ནམ།

དཔལ་ལྡན་སྲིད་སྐྱོང་མཆོག་གིས།  འདས་པའི་ལོ་ངོ་ཉིས་སྟོང་ལྷག་གི་རིང་བོད་ནི་རྒྱ་དཀར་ནག་དབར་ཞི་བདེའི་ངང་བར་གནས་སུ་ཆགས་ཡོད། སྔོན་མ་བོད་ཀྱི་སྲིད་བློན་ཞིག་གིས། རྒྱ་དམག་གིས་བོད་ས་དབང་སྒྱུར་བྱེད་བཞིན་ཡོད་པའི་སྐོར་རྒྱ་གར་གཞུང་ལ་སྙན་སེང་ཞུས་ཡོད་པ་མ་ཟད། རྒྱ་གར་གཞུང་གིས་བོད་ལ་རྒྱབ་སྐྱོར་གནང་དགོས་པ་ཡང་ཞུས་ཡོད། རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་དབང་སྒྱུར་བྱས་པ་ནས་བཟུང་ད་བར་རྒྱ་ནག་གི་དམག་མིས་རྒྱ་གར་གྱི་ས་མཚམས་སུ་བཙན་འཛུལ་བྱས་དང་བྱེད་བཞིན་ཡོད།
འདས་པའི་ལོ་ངོ་སྟོང་ཕྲག་ལྷག་གི་རིང་འཕགས་བོད་གཉིས་ཀྱི་དབར་འབྲེལ་བ་གཏིང་ཟབ་ཡོད་པ་མ་ཟད། འབྲེལ་བ་དེ་ཡང་བླ་སློབ་དང་རིག་གཞུང་གི་འབྲེལ་བ་ཡིན། རྒྱ་གར་འཕགས་པའི་ཡུལ་ནས་བོད་ལ་ནང་ཆོས་དར་རྒྱས་བྱུང་ཡོད། རྒྱ་གར་གྱི་རླབས་ཆེན་དབུ་འཁྲིད་སྐུ་ཞབས་སར་ཌར་པཱ་ཊེལ་ Shri. Sardar Vallabhai Patel མཆོག་དང་། སྐུ་ཞབས་པན་ཌི་དྷིན་དྷ་ཡལ་ཨུ་པ་དྷ་ཡ་ Shri. Pandit Deen Dayal Upadhaya མཆོག  སྐུ་ཞབས་ཇེ་བྷི་ཀིརི་པ་ལ་ནི་ Shri. Acharya J.B. Kripalani མཆོག་སོགས་ནས་བོད་དོན་སྐོར་རྒྱབ་སྐྱོར་དང་གླེང་སློང་གནང་ཡོད། སྐབས་དེ་དུས་རྒྱ་གར་གཞུང་གིས་བོད་ལ་རྒྱབ་སྐྱོར་གནང་བ་ལས་རྒྱ་ནག་དང་མཉམ་དུ་འབྲེལ་བ་མང་ཙམ་གནང་ན་རྒྱ་གར་ལ་ཁེ་ཕན་ཡོད་པ་དགོངས་ཡོད། རྒྱ་ནག་གིས་ཕྱི་ལོ་ ༡༩༦༢ ལོར་རྒྱ་གར་གྱི་ས་མཚམས་སུ་བཙན་འཛུལ་བྱས་པ་དང་། ཕྱི་ལོ་ ༢༠༡༧ ལོར་འབྲོག་ལམ་དང་ཉེ་ཆར་ལ་དྭགས་ཁུལ་དུ་བཙན་འཛུལ་བྱས་ཡོད། རྒྱ་གར་གཞུང་གིས་བོད་ཀྱི་གནད་དོན་གལ་ཆེན་དུ་བརྩི་དགོས། ཁོར་ཡུག་ཐོག་ནས་བཤད་ནའང་བོད་ནི་ཨེ་ཤི་ཡའི་ཆུ་མཛོད་ལྟ་བུ་ཡིན་པས་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཡོངས་ལ་གལ་ཆེན་པོ་ཆགས་ཡོད།

མུ་ནིཤ་གུཔ་ཊ་ལགས་ཀྱིས། རྒྱ་དཀར་ནག་དབར་གྱི་འབྲེལ་ལམ་ལ་བརྟེན་ནས་བོད་ཀྱི་གནད་དོན་དེ་དེང་སང་བརྗེད་ཟིན་པ་ཞིག་རེད་དམ།

དཔལ་ལྡན་སྲིད་སྐྱོང་མཆོག་གིས།  ཕྱི་ལོ་ ༢༠༡༡ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨོ་བྷ་མ་མཆོག་རྣམ་གཉིས་མཇལ་འཕྲད་གནང་ཡོད། སྐབས་དེ་དུས་ཨ་རིའི་ཕོ་བྲང་དཀར་པོ་ནས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་ཨ་རི་གཞུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་གི་ཡོད་ཅེས་གསུངས་ཡོད། ང་ཚོའི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་ཐོག་བོད་ཀྱི་གནད་དོན་གསལ་བར་འབད་བརྩོན་ཞུས་དང་ཞུ་བཞིན་ཡོད། བོད་ཀྱི་གནད་དོན་ནི་རྒྱ་དཀར་ནག་གཉིས་ལ་གལ་ཆེན་པོ་ཆགས་ཡོད།

ཨ་ཤོཀ་ཤར་མ་ལགས་ཀྱིས། སུ་བྷ་ར་མ་ནི་ཡམ་སྭ་མི་ Dr Subramaniam Swamy ལགས་ཀྱིས་འཕགས་བོད་ས་མཚམས་སུ་རྒྱ་དཀར་ནག་དབར་དམག་འཁྲུག་ཤོར་བ་ཡིན་ན། རྒྱ་གར་གཡུལ་ལས་རྒྱལ་དགོས། ཞེས་གསུངས་ཡོད། དེའི་ཐད་དཔལ་ལྡན་སྲིད་སྐྱོང་མཆོག་ལ་དགོངས་ཚུལ་ཅི་ཡོད་དམ།
དཔལ་ལྡན་སྲིད་སྐྱོང་མཆོག་གིས། ང་ཚོ་བདག་ཉིད་ཆེན་པོ་གཱན་དྷི་མཆོག་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་རྗེས་སུ་འབྲང་གི་ཡོད། ང་ཚོས་རྒྱ་དཀར་ནག་དབར་དམག་འཁྲུག་མི་འབྱུང་བའི་རེ་བ་རྒྱག་གི་ཡོད།

ཝི་ནི་ཊ་པན་དེ་ལགས་ཀྱིས།   སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱའི་གནད་དོན་ཞི་བའི་ངང་གསལ་བར་འབད་བརྩོན་མཛད་བཞིན་ཡོད། བོད་མི་ཚོའི་ཁྲོད་བོད་རང་བཙན་རྩོད་དགོས་རེད་ཅེས་བསམ་བློ་བསྐྱར་དུ་གཏོང་མཁན་ཡོད་དམ།

དཔལ་ལྡན་སྲིད་སྐྱོང་མཆོག་གིས།  ང་ཚོས་ད་ལྟ་རྒྱ་ནག་གཞུང་གིས་བོད་ཐོག་དབང་སྒྱུར་དང་དྲག་གནོན་བྱེད་བཞིན་པ་མཚམས་འཇོག་དགོས་པ་དང་། བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་སྤྲོད་དགོས་པ་རྗོད་ཀྱི་ཡོད། བོད་མི་གཞོན་སྐྱེས་ཚོའི་ཁྲོད་བོད་རང་བཙན་རྩོད་མཁན་ཡོད་པ་རེད། དེ་སྔ་ཕྲན་རང་ཉིད་ནས་ཀྱང་གཞོན་སྐྱེས་ཡིན་པའི་སྐབས་རང་བཙན་བརྩད་མྱོང་། ལོ་རྒྱུས་ཐོག་ནས་བོད་རང་བཙན་གྱི་རྒྱལ་ཁབ་ཡིན་པ་བདེན་པ་རེད། རྒྱལ་སྤྱིའི་ཁྲིམས་ལུགས་ཐོག་ནས་བཞེད་ནའང་བོད་མི་ཚོར་རང་ཐག་རང་གིས་གཅོད་རྒྱུའི་ཐོབ་ཐང་ཡོད།

མུ་ནིཤ་གུཔ་ཊ་ལགས་ཀྱིས། རྒྱ་ནག་གཞུང་གིས་དབུ་མའི་ལམ་གྱི་སྲིད་བྱུས་ཁས་ལེན་གྱི་རེད་དམ།
དཔལ་ལྡན་སྲིད་སྐྱོང་མཆོག་གིས། ཕྱི་ལོ་ ༡༩༨༠ ནས་ ༢༠༡༠ བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྒྱ་ནག་ནང་ཕེབས་པ་མ་ཟད། བོད་ཀྱི་ས་ཁུལ་ཁག་གཅིག་ལའང་ཕེབས་ཡོད། ང་ཚོའི་ངོས་ནས་བོད་རྒྱའི་གནད་དོན་གསལ་བར་གྲོས་མོལ་དང་འཚེ་མེད་ཞི་བ་ལ་ཡིད་ཆེས་བྱེད་ཀྱི་ཡོད། ཅེས་སོགས་གསུངས།།

Share with your friends










Submit