ཟླ་བ་ ༦ ཚེས ༢༦ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢༦ རེས་གཟའ་པ་སངས། ༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ནད་ཡམས་ཁྱབ་གདལ་ཇི་ཙམ་ཆེ་རུ་འགྲོ་བའི་དུས་ཚོད་དང་མཉམ་དུ་རང་ཉིད་ནས་འཕྲོད་བསྟེན་དང་བདེ་འཇགས་སྲུང་སྐྱོབ་ཀྱིས་ནད་ཡམས་ཁྱབ་གདལ་སྔོན་འགོག་གནང་རྒྱུ་ཤིན་ཏུ་གལ་ཆེ་བས་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་ནས་ཀྱང་ཕྱི་ཟླ་ ༥ པའི་ཚེས་ཤར་ནས་ད་ལྟའི་གཉན་རིམས་ Covid-19 ནད་ཡམས་ཁྱབ་གདལ་བཀག་འགོག་གི་ཐབས་ཤེས་སྤེལ་བའི་ཁོངས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཀྱི་སྒོ་ཁར་ཞབས་ལྷམ་གཙང་འཕྱིས་ཀྱི་ལས་གཞི་ཞིག་འགོ་འཛུགས་གནང་ཡོད།

ཞབས་ལྷམ་གཙང་འཕྱིས་ཀྱི་ལས་གཞི་འདི་གཙོ་བོ་ལས་ཁུངས་སུ་ལས་མི་དང་ཕྱི་མི་ཕེབས་མཁན་རྣམས་ནས་ཞབས་ལྷམ་མཉམ་ནད་འབུ་དུག་སྲིན་རིགས་གང་ཡོད་པ་ལས་ཁུངས་ནང་དུ་ཁྱབ་མ་བཅུག་པའི་བཀག་འགོག་ཆེད་དུ་དམིགས་པ་ཡིན་ཞིང་། དེའང་གཙང་འཕྱིས་སྐབས་དང་པོ་ཞབས་ལྷམ་གྱི་ཐལ་རྡུལ་རྣམས་གཙང་འཕྱིས་གནང་བ་དང་། དེ་ནས་ཤིང་གཞོང་ནང་དུག་སེལ་སྨན་ཆུ་བཏབ་པའི་གདན་ཐོག་ཞབས་ལྷམ་རློན་འཕྱིས་ཀྱིས་དུག་སེལ་གནང་བ། མཐར་ཞབས་ལྷམ་དེ་བསྐྱར་དུ་སྐམ་འཕྱིས་གནང་བའི་རྗེས་ལས་ཁུངས་ནང་དུ་ཕེབས་ཆོག་པའི་རིམ་པ་སྒྲིག་གནང་ཡོད།

འདི་ག་འཕྲོད་བསྟེན་ལས་ཁུངས་ནས་ཞབས་ལྷམ་གཙང་འཕྱིས་ཀྱི་ཤིང་སྒྲོམ་གྲངས་ ༡༩ གསར་གཏོད་ཀྱི་རྣམ་པའི་ངང་བཟོས་བསྐྲུན་གནང་ནས་ཤིང་སྒྲོམ་གྲངས་ ༤ རྡ་ས་ཁུལ་གྱི་འགོག་དབྱེ་ཟུར་འཇོག་ཁང་དུ་བེད་སྤྱོད་ཆེད་གནང་བ་དང་ལྷག་མ་གྲངས་ ༡༥ སྒྲིག་འཛུགས་ཀྱི་ལས་ཁུངས་སོ་སོར་བགོས་འགྲེམས་ཞུས་ནས་ཁུངས་སོ་སོའི་སྒོ་ཁར་དུག་སེལ་གཙང་འཕྱིས་གནང་བཞིན་ཡོད་པ་བཅས།།

 

Share with your friends










Submit