ཟླ་བ་ ༦ ཚེས ༢༩ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢༩ རེས་གཟའ་ཟླ་བ།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དུས་ཡུན་ཟླ་གྲངས་གཅིག་གི་ནང་ཚུད་རྒྱ་གར་གྱི་ཨིན་ཡིག་དང་ཧིན་དི་གསར་འགྱུར་བརྒྱུད་ལམ་གྲགས་ཅན་གྲངས་ ༣༠ ལྷག་གི་བཅར་འདྲིར་དང་ལེན་གྱིས་བོད་ནི་རྒྱ་དཀར་ནག་དབར་གནས་པའི་ཞི་བདེའི་ས་ཁུལ་ཞིག་ཡིན་པའི་ཆ་ནས་དེའི་ལོ་རྒྱུས་དང་འཐབ་ཇུས་ཀྱི་གལ་གནད་སྐོར་རེ་རེ་བཞིན་གླེང་སློང་གནང་སྟེ་འདས་པའི་ལོ་ངོ་ ༦༠ ཙམ་རིང་ཕལ་ཆེར་བྱུང་མ་མྱོང་བའི་བོད་ཀྱི་གནད་དོན་དེ་བཞིན་རྒྱ་གར་ནང་ཁྱབ་བསྒྲགས་ཧ་ཅང་ཤུགས་ཆེ་གནང་ཡོད།

དེ་ཡང་ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ Bharat Samachar ཞེས་པའི་གསར་འགྱུར་ཚན་པའི་སྤྱི་ཁྱབ་འགན་འཛིན་ Brajesh Misra ལགས་ཀྱི་བཅར་འདྲི་དང་ལེན་གནང་འདུག

སྤྱི་ཁྱབ་རྩོམ་སྒྲིག་པ། ཉེ་ལམ་རྒྱ་གར་དང་བོད་ཀྱི་ས་མཚམས་ཐོག་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་གདོང་ཐུག་བྱུང་བའི་དོན་རྐྱེན་ཐད་དགོངས་ཚུལ་གང་ཡོད།

དཔལ་ལྡན་སྲིད་སྐྱོང་མཆོག སྐུ་ཉིད་ཀྱིས་གོང་དུ་ལོ་རྒྱུས་ཐོག་འཕགས་བོད་ཡུལ་གཉིས་དབར་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ཀྱི་འབྲེལ་བ་ཧ་ཅང་གཏིང་ཟབ་ཡོད་པའི་སྐོར་ངོ་སྤྲོད་ཞིབ་ཕྲ་གནང་སོང་། དེ་སྔ་བོད་རང་བཙན་ཡིན་པའི་སྐབས་བོད་ནི་རྒྱ་དཀར་ནག་དབར་གནས་པའི་ཞི་བདེའི་ས་ཁུལ་ཞིག་ཡིན། འཕགས་བོད་གཉིས་ཀྱི་ས་མཚམས་རིང་ཚད་སྤྱི་ལེ་ ༣༤༨༨ ཙམ་ཡོད་པ་མ་ཟད། དམག་འཐབ་སྤོང་བའི་ཞི་བདེའི་ས་ཁུལ་ཞིག་ཡིན། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་རྗེས་འཕགས་བོད་གཉིས་ཀྱི་ས་མཚམས་དེ་རྒྱ་དཀར་ནག་གི་ས་མཚམས་ཆགས་པ་ནས་བཟུང་རྙོག་གྲ་ཡོངས་རྫོགས་འབྱུང་བཞིན་ཡོད། ལ་དྭགས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་དབར་འཛིང་རས་བྱས་ནས་རྒྱ་གར་གྱི་དམག་མི་ ༢༠ ཙམ་འདས་གྲོངས་སུ་གྱུར་བ་དེ་དག་གི་ནང་མི་ལ་གདུང་སེམས་མཉམ་སྐྱེ་ཡོད། རྒྱ་ནག་གཞུང་གི་རྒྱ་སྐྱེད་རིང་ལུགས་ལག་བསྟར་བྱེད་བཞིན་ཡོད།

སྤྱི་ཁྱབ་རྩོམ་སྒྲིག་པ། གལ་ཏེ་ང་ཚོས་ལ་དྭགས་ཀྱི་གནད་དོན་ཐད་ཁ་བཙུམ་ནས་བསྡད་པ་ཡིན་ན། མ་འོངས་པར་འབྲུག་དང་། བལ་ཡུལ། འབྲས་ལྗོངས། ཨ་རུ་ནཱ་ཅལ་པར་དེ་ཤི་བཅས་ལའང་རྒྱ་ནག་གཞུང་གིས་དེ་ལྟར་ཉེན་ཁ་བཟོ་ཡི་རེད་ཅེས་དགོངས་ཀྱི་འདུག་གམ།

དཔལ་ལྡན་སྲིད་སྐྱོང་མཆོག ཡིན་དང་ཡིན། རྒྱ་ནག་གཞུང་གི་རྒྱ་སྐྱེད་རིང་ལུགས་ཀྱི་ལྟ་གྲུབ་ནི། བོད་ནི་ལག་མཐིལ་ཡིན་པ་དང་། བལ་ཡུལ་དང་། འབྲས་ལྗོངས་། ལ་དྭགས། ཨ་རུ་ནཱ་ཅལ་པར་དེ་ཤི། འབྲུག་བཅས་ལྔ་པོ་མཛུབ་མོ་ལྔ་ཡིན་པར་འདོད་ཀྱི་ཡོད་པ་མ་ཟད། ལག་མཐིལ་དབང་དུ་བསྡུས་ཚེ་མཛུབ་མོ་ལྔ་པོ་རྣམས་ལས་སླ་པོའི་ངང་དབང་སྒྱུར་བྱ་ཐུབ་ཅེས་དེ་སྔ་ཕྱི་ལོ་ ༡༩༥༠ འགོ་སྟོད་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཙོ་འཛིན་མའོ་ཙེ་ཏུང་གིས་བཤད་ཡོད།

སྤྱི་ཁྱབ་རྩོམ་སྒྲིག་པ། སྲིད་འཛིན་ཞི་ཅིང་ཕིན་གྱིས་རྒྱ་ནག་གི་རྩ་ཁྲིམས་ལ་འགྱུར་བ་བཏང་ནས་ཁོ་པ་ཇི་སྲིད་འཚོ་བའི་བར་དུ་སྲིད་འཛིན་བྱེད་ཆོག་པའི་ཆོག་མཆན་སྤྲད་ཡོད། དེར་ཕུགས་ཀྱི་འཆར་གཞི་ཞིག་ཡོད་དམ།

དཔལ་ལྡན་སྲིད་སྐྱོང་མཆོག   རྒྱ་ནག་གཞུང་ལ་འཛམ་གླིང་ནང་གི་སྟོབས་ཆེན་རྒྱལ་ཁབ་ཅིག་ཆགས་རྒྱུའི་དམིགས་ཡུལ་ཡོད་པ་མ་ཟད། རྒྱ་ནག་ནི་ཨེ་ཤི་ཡའི་ནང་གི་སྟོབས་ཆེན་རྒྱལ་ཁབ་ཨང་དང་པོ་ཡིན་པ་དང་རྒྱ་ནག་ལ་ཁ་གཏད་གཅོག་ཐུབ་མཁན་གྱི་རྒྱལ་ཁབ་མེད་པའི་རྣམ་པ་སྟོན་བཞིན་ཡོད། རྒྱ་ནག་གཞུང་གི་ཐབས་བྱུས་གཉིས་འཛིན་བཞིན་ཡོད། དང་པོ་ནི་རྒྱ་གར་གྱི་ས་མཚམས་ཐོག་རྒྱ་མི་བཙན་འཛུལ་བྱས་ཏེ་ལ་དྭགས་སུ་རྐྱེན་ཆག་བྱུང་བ་རེད། དེ་བཞིན་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལའང་བཙན་འཛུལ་བྱས་ནས་གནོན་ཤུགས་སྤྲོད་བཞིན་ཡོད། ཞི་ཅིང་ཕིན་གྱིས་ཀྱང་ཁོ་པ་འཛམ་གླིང་ནང་འགོ་ཁྲིད་ཨང་དང་པོ་ཡིན་པ་ངོས་འཛིན་བྱེད་བཞིན་ཡོད། སྲིད་འཛིན་ཞི་ཅིང་ཕིན་ཨ་རིར་རྒྱལ་དོན་འཚམས་གཟིགས་བྱེད་སྐབས་ཁོ་པར་ཨིན་ཡུལ་གྱི་རྒྱལ་མོ་ལྟར་གོ་བབས་སྣེ་ལེན་གོ་སྒྲིག་དགོས་སྐོར་རྗོད་ཀྱི་ཡོད། གང་ཡིན་ཞེ་ན་འཛམ་གླིང་ནང་གོ་བབས་སྣེ་ལེན་ཞུ་སྒོ་མཐོ་ཤོས་ཨིན་ཡུལ་གྱི་རྒྱལ་མོར་ཡོད། དེ་བཞིན་སྲིད་འཛིན་ཞི་ཅིང་ཕིན་ཨིན་ཡུལ་དུ་བསྐྱོད་སྐབས་ཨ་རིའི་སྲིད་འཛིན་ལྟར་སྣེ་ལེན་གོ་སྒྲིག་དགོས་སྐོར་རྗོད་ཀྱི་ཡོད། རྒྱ་ནག་གཞུང་གིས་ཁོང་ཚོ་ནི་འཛམ་གླིང་གི་འགོ་ཁྲིད་ཨང་དང་པོ་དང་། རྒྱ་ནག་ནི་འཛམ་གླིང་ནང་སྟོབས་ཆེན་རྒྱལ་ཁབ་ཅིག་ཆགས་ཟིན་པ་ངོས་འཛིན་བྱེད་བཞིན་ཡོད།

སྤྱི་ཁྱབ་རྩིམ་སྒྲིག་པ། སྐུ་ཉིད་བོད་མིའི་དབུ་ཁྲིད་ཅིག་ཡིན་སྟབས། རྒྱ་གར་ལ་རེ་ཅི་ཞིག་ཡོད་དམ།

དཔལ་ལྡན་སྲིད་སྐྱོང་མཆོག ང་ཚོ་བོད་མི་རྣམས་ནི་རྒྱ་གར་གྱི་སྐུ་མགྲོན་རེད། རྒྱ་གར་གཞུང་གིས་མཐུན་འགྱུར་ཧ་ཅང་བཟང་པོ་གནང་བཞིན་འདུག བོད་མིར་མཚོན་ན་རྒྱ་གར་གཞུང་དམངས་གཉིས་ལས་ལྷག་པའི་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་དང་མི་དམངས་གཞན་སུ་ཡང་མེད། དེ་སྔ་ཕྱི་ལོ་ ༡༩༥༠་་་༡༩༦༠ ནང་རྒྱ་གར་གྱི་གྲོས་ཚོགས་སུ་བོད་དོན་སྐོར་བགྲོ་གླེང་ཧ་ཅང་བྱུང་ཡོད། རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་རྗེས་སྐུ་ཞབས་དཱིན་ད་ཡལ་ཨུཔཱ་ད་ཡ་ Deendayal Upadhyaya མཆོག་དང་། སྐུ་ཞབས་ཛཱཡཱ་པྲ་ཀཱཤ་ནཱ་རཱ་ཡན་ Jai Prakash Narayan མཆོག་དང་། རཱམ་མོ་ནོ་ཧར་ལོ་ཧི་ཡ་ Ram Manohar Lohia མཆོག ཨཱ་ཅརྱ་ཀིར་པ་ལཱ་ནི་ Acharya Kripalani མཆོག ཝལ་ལཱ་བྷ་ཡི་པ་ཊེལ་ Vallabhbhai Patel མཆོག་བཅས་ཚང་མས་བོད་དོན་ལ་རྒྱབ་སྐྱོར་དགོས་པ་དང་། རྒྱ་ནག་གི་དམག་མིར་བཀག་འགོག་དགོས་སྐོར། གལ་ཏེ་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་པ་ཡིན་ན་རྒྱ་གར་གྱི་ས་མཚམས་སུ་གནོན་ཤུགས་བསླེབ་རྒྱུ་རེད། ཅེས་སོགས་ཀྱི་ལན་འདེབས་གནང་འདུག །

Share with your friends










Submit