ཟླ་བ་ ༦ ཚེས ༢༩ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢༩ རེས་གཟའ་ཟླ་བ།

༄༅། །རྒྱལ་ཚོགས་ཀྱི་དམིགས་བསལ་ལས་དོན་ཚོགས་ཆུང་ Special Procedure Mandate Holders གི་རང་དབང་གི་ཆེད་མཁས་པ་གྲངས་ ༥༠ ཙམ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལག་བསྟར་བྱེད་ཕྱོགས་སྐོར་ཛ་དྲག་གི་རྟོག་ཞིབ་གནང་དགོས་པའི་འབོད་སྐུལ་གནང་འདུག

གནད་དོན་དེ་དང་འབྲེལ་བའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢༧ ཉིན་བསྒྲགས་གཏམ་ཞིག་སྤེལ་བ་གཤམ་གསལ།

རྒྱལ་ཚོགས་ཀྱི་དམིགས་བསལ་ལས་དོན་ཚོགས་ཆུང་གི་རང་དབང་གི་ཆེད་མཁས་པ་གྲངས་ ༥༠ ཙམ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་རྒྱ་ནག་གཞུང་གི་དབང་སྒྱུར་འོག་ཡོད་པའི་བོད་དང་། ཧོང་ཀོང་། ཤར་ཏུར་ཀི་སི་ཐན་བཅས་ཀྱི་གཞི་རྩའི་རང་དབང་ལ་སྲུང་སྐྱོབ་བྱ་དགོས་པའི་དུས་ཐོག་ཛ་དྲག་གི་རྟོག་ཞིབ་གནང་དགོས་པའི་འབོད་སྐུལ་གནང་བར། བོད་མིའི་སྒྲིག་འཛུགས་དང་གཞིས་བྱེས་བོད་མི་ཡོངས་ནས་རྒྱལ་ཚོགས་ཀྱི་ཆེད་མཁས་པ་རྣམས་ལ་དགའ་བསུ་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་དང་།

འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་རྒྱ་ནག་དམར་ཤོག་གཞུང་གིས་རྒྱལ་ཚོགས་ཀྱི་འཛམ་གླིང་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲགས་ལ་བརྩི་སྲུང་མེད་པར་བོད་མི་རྣམས་ལ་མནར་གཅོད་དང་། བཙོན་འཇུག  གར་སོང་ཆ་མེད་དུ་བཏང་བ་མ་ཟད། བོད་ཀྱི་རིག་གཞུང་གི་ལྟེ་གནས་དགོན་སྡེ་མང་པོ་གཏོར་བཤིག་དང་གྲྭ་བཙུན་མང་པོ་དགོན་པ་ནས་ཕྱིར་འབུད་བཏང་བ། དེ་བཞིན་བོད་མིའི་འདུས་སྡོད་ཁག་ལ་སོ་ལྟ་པར་ཆས་གང་སར་བཙུགས་པ་སོགས་ལ་བརྟེན་ནས་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་གྲངས་ ༡༥༤ ཅམ་གྱིས་རང་ལུས་མེར་སྲེག་གནང་ཡོད།

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ངོས་ནས་བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཡོང་བར་རྒྱ་ནག་གཞུང་ལ་འགན་ཡོད་པ་ཞིག་བྱེད་འཇུག་པ་དགོས་པ་དང་། རྒྱ་ནག་དམར་ཤོག་གཞུང་ནི་འཛམ་གླིང་ཞི་བདེ་དང་རྒྱལ་སྲུང་ལའང་ཉེན་ཁ་ཆེན་པོ་ཡོད་པ་སོགས་ཀྱི་སྐོར་གསུང་།

གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་བྱེད་ཀྱི་མེད་པར་བརྟེན། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་དམིགས་བསལ་ཚོགས་འདུ་བསྐོངས་ནས་བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་རྟོག་ཞིབ་གནང་དགོས་པའི་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན། ཞེས་གསུངས།།

Share with your friends










Submit