གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢༥ རེས་གཟའ་ཕུར་བུ། 

 

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དུས་ཡུན་ཟླ་གྲངས་གཅིག་གི་ནང་ཚུད་འདས་པའི་ལོ་ངོ་ ༦༠ ཙམ་རིང་ཕལ་ཆེར་བྱུང་མ་མྱོང་བའི་རྒྱ་གར་གྱི་ཨིན་ཡིག་དང་ཧིན་དི་གསར་འགྱུར་བརྒྱུད་ལམ་གྲགས་ཅན་གྲངས་ ༣༠ ལྷག་གི་བཅར་འདྲིར་དང་ལེན་གྱིས་བོད་ནི་རྒྱ་དཀར་ནག་དབར་གནས་པའི་ཞི་བདེའི་ས་ཁུལ་ཞིག་ཡིན་པའི་ཆ་ནས་དེའི་ལོ་རྒྱུས་དང་འཐབ་ཇུས་ཀྱི་གལ་གནད་སྐོར་རེ་རེ་བཞིན་གླེང་སློང་གནང་སྟེ་བོད་ཀྱི་གནད་དོན་དེ་བཞིན་རྒྱ་གར་དང་རྒྱལ་སྤྱིའི་ཐོག་ས་གྲགས་གནམ་གྲགས་ཆགས་བཅུག་ཡོད།

དེ་ཡང་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་སྐོར་ལ་དཔལ་ལྡན་སྲིད་སྐྱོང་མཆོག་གིས། རྒྱ་ནག་གཞུང་གིས་ཏོག་དབྱིབས་གཉན་རིམས་རྒྱ་ནག་ཝུ་ཧན་ནས་མཆེད་མ་ཐག་སྔོན་འགོག་ཐབས་ཤེས་བྱས་ཡོད་ན་ད་ལྟ་འཛམ་གླིང་ཡོངས་ལ་ཏོག་དབྱིབས་གཉན་རིམས་བརྒྱ་ཆ་ ༩༥ ཁྱབ་ཐུབ་མེད། ཅེས་དང་། འདས་པའི་ལོ་ངོ་སྟོང་ཕྲག་མང་པོའི་རིང་ལ་འཕགས་བོད་དབར་ས་མཚམས་གནས་པའི་ལོ་རྒྱུས་ཡོད། འཕགས་བོད་དབར་གྱི་ས་མཚམས་དེ་རྒྱ་གར་ནག་དབར་གྱི་ས་མཚམས་ཆགས་པ་ནས་བཟུང་རྒྱ་གར་ལ་ས་མཚམས་ཀྱི་དཀའ་ངལ་ཉིན་རེ་བཞིན་འབྱུང་བཞིན་ཡོད། དེ་སྔ་བོད་རང་བཙན་ཡིན་པའི་སྐབས་རྒྱ་གར་གཞུང་གིས་ས་མཚམས་སྲུང་སྐྱོབ་སླད་ཨ་སྒོར་ཐེར་འབུམ་ ༦༠ ཙམ་གཏོང་གི་ཡོད་པ་མ་རེད། ཅེས་གསུང་། 
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ནས་ལ་དྭགས་དང་། འབྲས་ལྗོངས། ཨ་རུ་ནཱ་ཅལ་བཅས་རྒྱ་གར་གྱི་ཁྱབ་ཁོངས་ཡིན་པ་ངོས་འཛིན་ཞུ་བཞིན་ཡོད། ག་དུས་ཡིན་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ས་ཁུལ་དེ་དག་ལ་ཆིབས་སྒྱུར་གནང་བའི་སྐབས་རྒྱ་གར་གྱི་སྐུ་མགྲོན་ལྟར་ཆིབས་སྒྱུར་གནང་གི་ཡོད་པ་མ་ཟད། ཕྲན་རང་ཉིད་ལ་མཚོན་ནའང་ས་ཁུལ་དེ་དག་ལ་རྒྱ་གར་གྱི་སྐུ་མགྲོན་བཞིན་འགྲོ་ཡི་ཡོད། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་རྒྱ་གར་གྱི་དཔལ་ནཱ་ལེནྡྲའི་རིག་གཞུང་དང་། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་གལ་གནད་སྐོར་བཀའ་སློབ་སྩལ་དང་སྩོལ་མུས་ཡིན། ཞེས་དང་། རྒྱ་ནག་དམར་ཤོག་གཞུང་གིས་བོད་དང་། ཐེ་ཝན། ཨ་རུ་ནཱ་ཅལ། ལ་དྭགས་སོགས་རྒྱ་ནག་གི་ཆ་ཤས་རེད། ཅེས་བརྗོད་དང་རྗོད་བཞིན་ཡོད་མོད། འོན་ཀྱང་རྒྱ་ནག་གཞུང་གིས་ཏོག་དབྱིབས་གཉན་རིམས་རྒྱ་ནག་གི་ཆ་ཤས་མིན་པ་བརྗོད་ཀྱི་ཡོད། ཅེས་གསུང་། 

དཔལ་ལྡན་སྲིད་སྐྱོང་མཆོག་གིས། བོད་མིའི་སྒྲིག་འཛུགས་ནས་ཚོས་གཞི་ལི་ཁྲི་དང་ལྗང་ཁུ་ས་ཁུལ་ནས་ཕེབས་མཁན་ཡིན་མིན་ལ་མ་ལྟོས་པར། བོད་མི་སུ་འདྲ་ཞིག་ཕྱི་ལོགས་ནས་ཕེབས་པ་ཡིན་ན་འགོག་དབྱེ་ཟུར་འཇོག་ཁང་དུ་འཇོག་གི་ཡོད། ད་ལྟའི་ཆར་ཏོག་དབྱིབས་གཉན་རིམས་ལ་དམིགས་བསལ་གྱི་སྨན་བཅོས་མེད་སྟབས་སྔོན་འགོག་ཡག་ཤོས་འགོག་དབྱེ་ཟུར་འཇོག་ཁང་དང་སྤྱི་ཚོགས་རྒྱང་བཀྱེད་བྱེད་རྒྱུ་དེ་རེད། ང་ཚོའི་ངོས་ནས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ལ་ཟླ་བ་གཅིག་གི་ནང་དུག་སེལ་སྨན་ཆུ་ཐེངས་གཉིས་ཙམ་རེ་གཏོར་དང་གཏོར་བཞིན་ཡོད་པ་མ་ཟད། ནད་ཡམས་སྔོན་འགོག་སླད་བོད་མི་ཚོར་བོད་སྨན་སྤྲད་དང་སྤྲོད་མུས་ཡིན། དེ་བཞིན་རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་དང་། དགོན་སྡེ། སློབ་གྲྭ་ཁག་སོགས་ཐེམ་སྤང་བཀའ་རྒྱ་ལག་བསྟར་གནང་བཞིན་ཡོད། ཅེས་དང་།

ཕྱི་ལོ་ ༡༩༧༠ ནང་བོད་མིའི་སྒྲིག་འཛུགས་ནས་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་ཐོག་རྒྱ་ནག་གཞུང་དང་ལྷན་གྲོས་མོལ་གནང་རྒྱུའི་ཐབས་ཤེས་གནང་ཡོད། ཞི་བའི་ངང་བོད་རྒྱའི་དཀའ་རྙོག་སེལ་བར་དབུ་མའི་ལམ་གྱི་སྲིད་བྱུས་ནི་དངོས་ཡོད་དང་མཐུན་པ་ཞིག་ཡིན། རྒྱལ་སྤྱིའི་ཐོག་ནས་ཀྱང་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་བཞིན་ཡོད་པས་བོད་མིའི་སྒྲིག་འཛུགས་ནས་བོད་རྒྱའི་དཀའ་རྙོག་སེལ་བར་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་ཐོག་རྒྱ་ནག་དང་ལྷན་གྲོས་མོལ་ཡོང་བར་ཐབས་ཤེས་གནང་དང་གནང་བཞིན་ཡོད། ཅེས་གསུང་། 
ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས། དེ་སྔ་རྒྱ་ནག་གི་གཙོ་འཛིན་མའོ་ཙེ་ཏུང་གིས་བོད་ནི་ལག་མཐིལ་ཡིན་ཞིང་། མཛུག་གུ་ལྔ་ནི་ལ་དྭགས་དང་། འབྲས་ལྗོངས། ཨ་རུ་ནཱ་ཅལ། བལ་ཡུལ། འབྲུག་བཅས་རེད། ཅེས་བརྗོད་དེ་མཛུག་གུ་ལྔ་དབང་སྒྱུར་བྱེད་རྒྱུའི་འཆར་གཞི་ཡོད། རྒྱ་ནག་གཞུང་གིས་ལ་དྭགས་དང་འབྲས་ལྗོངས་ལ་བཙན་འཛུལ་བྱེད་བཞིན་ཡོད་པ་དང་། རྒྱ་གར་བདེ་སྲུང་བློན་ཆེན་ཟུར་པ་སྐུ་ཞབས་ George Fernandes མཆོག་གིས་རྒྱ་གར་ལ་མཚོན་ན་དགྲ་བོ་ཨང་དང་པོ་རྒྱ་ནག་རེད། ཅེས་གསུངས་ཡོད། རྒྱ་ནག་གིས་བོད་དབང་སྒྱུར་བྱས་ཟིན་པ་དང་། དེ་རྗེས་རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་དབང་སྒྱུར་བྱ་ངེས་རེད། ཅེས་ང་ཚོའི་ངོས་ནས་འདས་པའི་ལོ་ངོ་ ༦༠ རིང་སྐད་འབོད་བརྒྱབ་པ་ཡིན། ཡིན་ཡང་སུ་གང་གིས་ཉན་མ་སོང་། བལ་ཡུལ་ལའང་རྒྱ་ནག་གཞུང་གིས་གནོན་ཤུགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད། རྒྱ་ནག་གི་ས་ཁྲ་ལ་བལྟས་པ་ཡིན་ན། རྒྱ་རིགས་ཀྱི་ས་ཁུལ་བརྒྱ་ཆ་ ༤༠ ཡིན་ཞིང་། བརྒྱ་ཆ་ ༦༠ བོད་དང་། ཤར་ཏུར་ཀི་སི་ཐན། ལྷོ་སོག མན་ཇུ་བཅས་ཀྱི་ས་ཁུལ་ཡིན། རྒྱ་ནག་གཞུང་གིས་ཨ་རུ་ནཱ་ཅལ་དང་། བལ་ཡུལ། འབྲུག་སོགས་ལ་བཙན་འཛུལ་གྱིས་རྒྱ་སྐྱེད་རིང་ལུགས་ཀྱི་ལྟ་བ་མུ་མཐུད་སྤེལ་བཞིན་ཡོད།

ཧོང་ཀོང་མི་མང་གིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། སྨྲ་བརྗོད་རང་དབང་། འདུ་འཛོམས་རང་དབང་། མང་གཙོ་སོགས་ཀྱི་ཐོབ་ཐང་རྩོད་བཞིན་ཡོད། ཉེ་ཆར་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཞེས་པ་ཞིག་གཏན་འབེབས་བྱས་ཡོད། རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཞེས་པ་དེ་དང་ཐོག་བོད་ནང་གཏན་འབེབས་ཀྱིས་ལག་བསྟར་བྱས་ཡོད། ཧོང་ཀོང་མི་མང་གིས་བོད་ནང་གི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཞེས་པའི་སྐོར་སློབ་སྦྱོང་བྱེད་དགོས། ཞེས་སོགས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་དཀར་ནག་གི་རྩོད་རྙོག་དང་འབྲེལ་བའི་བོད་ཀྱི་གནད་དོན་སྐོར་ཁ་གསལ་ལན་འདེབས་གནང་ཡོད་པ་བཅས།།

Share with your friends










Submit