གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༨ རེས་གཟའ་ཟླ་བ། 

 ༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ས་གནས་སྨན་ཞབས་མ་ལྷག་པ་བུ་འཁྲིད་ལགས་དང་གཞིས་མི་གཞོན་སྐྱེས་དྭང་བླངས་རྣམས་ནས་དུས་ནས་དུས་སུ་གཞིས་དགོན་དང་། དགེ་རྒན་ལས་ཤག སློབ་ཕྲུག་གི་ཁྱིམ་ཚང་། གཞིས་མི་རྣམས་ཀྱི་ནང་དུ་ཆེད་བཅར་གྱིས་ཚ་བ་བརྟག་དཔྱད་དང་ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་ཡོད་མེད་བརྟག་དཔྱད་ཀྱིས་དེ་ལྟའི་སྙན་ཐོ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་སུ་དུས་ཐོག་འབུལ་བཞིན་ཡོད། རྒྱ་ནག་ཝུ་ཧན་ཏོག་དབྱིབས་གཉན་རིམས་སྔོན་འགོག་དང་ཁྱབ་གདལ་མི་ཡོང་སླད་ཉིན་བརྒྱ་དུས་གཅིག་ལ་དུག་སེལ་གྱི་ལས་འགུལ་རྒྱ་ཆེ་བ་ཞིག་སྤེལ་དགོས་པའི་བཀོད་ཁྱབ་ཕེབས་དོན་ལྟར། འདི་ག་ས་གནས་ཀྱི་ཏོག་དབྱིབས་ནད་ཡམས་སྔོན་འགོག་ཛ་དྲག་ལས་དོན་ཚོགས་ཆུང་དང་ས་གནས་ཀྱི་འཐུས་མི་བཅས་ནས་མ་བསྐུལ་དྭང་བླངས་ཐོག་ས་གནས་ཡོངས་རྫོགས་དུག་སེལ་གཙང་བཟོ་ཞུས་ཐུབ་པ་བྱུང་ཡོད། ཕྱི་ཕྱོགས་ནས་གཞིས་མི་ཡོང་མཁན་རྣམས་ཀྱི་ཆེད་ས་གནས་ཀྱི་ཚོགས་ཁང་དེ་བཞིན་ཚོགས་བཀག་འགོག་དབྱེ་ཟུར་འཇོག་དུ་གོ་སྒྲིག་གིས་དེའི་ནང་ཉལ་ཁྲི་དང་གདན། སྔས་མགོ་བཅས་གསར་ཉོ་ཞུས་ཡོད། དེ་བཞིན་ཛ་དྲག་གི་ནད་པ་འབྱུང་ཚེ་འོར་འདྲེན་ཆེད་ས་འགོ་ལས་ཁུངས་ནས་གླ་འཁོར་ (Taxi) ཞིག་གྲ་སྒྲིག་ཞུས་ཡོད། རྒྱ་གར་དབུས་གཞུང་ནས་སྒོ་རྒྱག་བཀའ་རྒྱ་ལྷོད་གཡེང་གིས་འགྲུལ་བཞུད་མཐུན་རྐྱེན་སྦྱར་རྗེས་བོན་གཞིས་ས་གནས་སུ་གཞིས་མི་བཞི་ཕྱིར་ལོག་བྱུང་ཡོད་པ་དག་ད་ལྟ་ཁྱིམ་བཀག་འགོག་དབྱེ་ཟུར་འཇོག་ནང་བཞག་ཡོད། དེ་དག་ལ་མངའ་གཞུང་འཕྲོད་བསྟེན་ལས་བྱེད་ནས་དུས་ནས་དུས་སུ་བརྟག་དཔྱད་གནང་བཞིན་ཡོད།

ནང་སྲིད་ལས་ཁུངས་ཀྱི་བཟའ་བཅའ་བཀའ་འཁྲོལ་དངུལ་འབོར་བསྩལ་ཁོངས་ནས་གཞིས་མི་ཉམ་ཐག་ཁུངས་སུ་མེད་པའི་ཉམ་ཐག་ཁྱིམ་ཚང་ ༡༢ ལ་སྒོར་ ༡༢,༩༠༠ འབབ་ཀྱི་བཟའ་བཅའི་རིགས་གྲོ་ཞིབ་དང་། འབྲས། བྱེ་མ་ཀ་ར། ཟ་སྣུམ། རྡ་ལི། སྒོ་ང་བཅས་བགོ་འགྲེམས་ཞུས་ཐུབ་པ་བྱུང་ཡོད། ད་ལྟའི་ཆར་ཏོག་དབྱིབས་ནད་ཡམས་འགོས་པའི་གཞིས་མི་གཅིག་ཀྱང་མེད་པ་མ་ཟད་མ་འོངས་སྔོན་འགོག་ལས་དོན་མུ་མཐུད་རྒྱུན་སྐྱོང་ཞུ་རྒྱུ་བཅས། །