གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢༢ རེས་གཟའ་ཟླ་བ། 

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༨ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་གྱི་བརྙན་འཕྲིན་གསར་འགྱུར་ཚན་པ་ཨེན་ཌི་ཊི་ཝི། NDTV ཞེས་པའི་བརྙན་འཕྲིན་གསར་འགྱུར་ལས་རིམ་གཙོ་སྐྱོང་བ་ལྕམ་སྐུ་སོ་ནི་ཡ་སིངྒ་ Sonia Singh ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་རྒྱ་གར་ནག་དབར་ས་མཚམས་རྩོད་རྙོག་སྐོར་བཀའ་འདྲི་ཞུས་པ་ཁག་གཤམ་གསལ།
སོ་ནི་ཡ་སིངྒ་ལགས་ཀྱིས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཕགས་བོད་ས་མཚམས་ལ་དྭགས་ཀྱི་ཤར་ཕྱོགས་སུ་ཡོད་པའི་གྷལ་ཝན་ས་ཁུལ་དུ་འབྱུང་བཞིན་པའི་གནད་དོན་སྐོར་གཟིགས་བཞིན་ཡོད་ཀྱི་རེད། རྒྱ་ནག་གཞུང་གིས་གྷལ་ཝན་ས་ཁུལ་དེ་ཁོང་ཚོའི་ཡིན་པ་བརྗོད་ཀྱི་འདུག དཔལ་ལྡན་སྲིད་སྐྱོང་མཆོག་གིས་གནད་དོན་འདིའི་ཐད་ཅི་ཞིག་གསུང་རྒྱུ་ཡིན་ནམ།

དཔལ་ལྡན་སྲིད་སྐྱོང་མཆོག་གིས། གལ་ཏེ་ཁྱེད་རང་གིས་ཕྱི་ལོ་ ༡༩༡༤ ལོའི་སིམ་ལའི་ཆིངས་ཡིག་ལ་བལྟས་པ་ཡིན་ན། རྒྱ་ནག་ཕྱོགས་ནས་བོད་དང་རྒྱ་ནག་དབར་ས་མཚམས་དབྱེ་བ་འབྱེད་སྟངས་སྐོར་ཁས་ལེན་བྱས་མེད་སྟབས། རྒྱ་ནག་བོད་ལ་ཡོང་ནས་གཞུང་ལམ་བཟོས་པ་མ་ཟད། རིམ་པས་གོ་མཚོན་འོར་འདྲེན་གྱིས་ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་དབང་སྒྱུར་བྱས་པ་རེད། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནས་ལ་དྭགས་བར་ལམ་ཁ་བཟོས་པ་དང་འབྲེལ་རྒྱ་གར་ལ་དྭགས་ནང་བཙན་འཛུལ་བྱེད་བཞིན་ཡོད། དེ་སྔ་རྒྱ་ནག་གི་གཙོ་འཛིན་མའོ་ཙེ་ཏུང་གིས། བོད་ནི་ལག་མཐིལ་ཡིན་ཞིང་། མཛུག་གུ་ལྔ་ནི་ལ་དྭགས་དང་། འབྲས་ལྗོངས། ཨ་རུ་ནཱ་ཅལ། བལ་ཡུལ། འབྲུག་བཅས་རེད། ཅེས་བརྗོད་དེ་མཛུག་གུ་ལྔ་དབང་སྒྱུར་བྱེད་རྒྱུའི་འཆར་གཞི་ཡོད། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༦ ལོར་འབྲོག་ལམ་ས་ཁུལ་དུ་བཙན་འཛུལ་བྱས་ཡོད་པ་དང་། ད་ལྟ་ལ་དྭགས་ལ་བཙན་འཛུལ་བྱེད་བཞིན་ཡོད།

སོ་ནི་ཡ་སིངྒ་ལགས་ཀྱིས། རྒྱ་ནག་གཞུང་གིས་མཐའ་སྐོར་འཐབ་ཇུས་རིམ་པ་བཞིན་ལག་བསྟར་བྱེད་བཞིན་པའི་ཁྲོད་བལ་ཡུལ་གྲོས་ཚོགས་ནས་རྒྱ་གར་དང་བལ་ཡུལ་ས་མཚམས་ཀྱི་གནད་དོན་སྐོར་ས་ཁྲ་གསར་པ་ཞིག་གཏན་འབེབས་གནང་ཡོད། རྒྱ་གར་དང་བལ་ཡུལ་དབར་ས་མཚམས་ཀྱི་རྩོད་རྙོག་བྱུང་བ་ང་ཚོས་དེ་སྔ་མཐོང་མྱོང་མེད། དེ་བཞིན་ཤྲི་ལངྐཱ་ལའང་རྒྱ་ནག་གི་ཤུགས་རྐྱེན་སླེབ་བཞིན་ཡོད་པས་ཐུགས་ཁྲལ་གནང་བཞིན་ཡོད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་བསམ་ན། དུས་སྐབས་འདིར་རྒྱ་གར་ཕྱོགས་ནས་དོགས་ཟོན་གནང་དགོས་པ་ག་རེ་འདུག
དཔལ་ལྡན་སྲིད་སྐྱོང་མཆོག་གིས།  རྒྱ་གར་བདེ་སྲུང་བློན་ཆེན་ཟུར་པ་སྐུ་ཞབས་ George Fernandes མཆོག་གིས་རྒྱ་གར་ལ་མཚོན་ན་དགྲ་བོ་ཨང་དང་པོ་རྒྱ་ནག་རེད། ཅེས་གསུངས་ཡོད། རྒྱ་ནག་གིས་བོད་དབང་སྒྱུར་བྱས་ཟིན་པ་དང་། དེ་རྗེས་རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་དབང་སྒྱུར་བྱ་ངེས་རེད། ཅེས་ང་ཚོའི་ངོས་ནས་འདས་པའི་ལོ་ངོ་ ༦༠ རིང་སྐད་འབོད་བརྒྱབ་པ་ཡིན། ཡིན་ཡང་སུ་གང་གིས་ཉན་མ་སོང་། བལ་ཡུལ་ལའང་རྒྱ་ནག་གཞུང་གིས་གནོན་ཤུགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད། བལ་ཡུལ་ནང་བོད་མི་ཆིག་ཁྲི་མ་ཟིན་ཙམ་ཡོད། རྒྱ་ནག་གཞུང་གི་གནོན་ཤུགས་ལ་བརྟེན་ནས་བལ་ཡུལ་ནང་གི་བོད་མི་ཚོར་དཀའ་ངལ་འཕྲད་བཞིན་ཡོད། ད་ལྟའི་ཆར་བལ་ཡུལ་ནང་བོད་པ་ལས་རྒྱ་མི་མང་བ་ཡོད།

སོ་ནི་ཡ་སིངྒ་ལགས་ཀྱིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ནང་བཞུགས་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་རྒྱ་གར་ནང་ཆགས་ཡོད་པར་བརྟེན། ཤའི་ནང་ཚེར་མ་ཟུག་པ་ལྟར་རྒྱ་ནག་ན་ཟུག་ལང་བཞིན་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ནང་བཙན་བྱོལ་དུ་ཆིབས་སྒྱུར་བསྐྱངས་ནས་ལོ་ངོ་ ༦༠ འཁོར་བའི་དུས་དྲན་སྲུང་བརྩི་མཛད་སྒོར་རྒྱ་གར་གཞུང་གི་ལས་བྱེད་བཅར་མི་ཆོག་པའི་བཀའ་བཏང་ཡོད། དེ་བཞིན་རྒྱ་དཀར་ནག་དབར་འབྲོག་ལམ་རྩོད་རྙོག་བྱུང་བའི་སྐབས་རྒྱ་གར་གཞུང་གིས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་དར་ཆ་སྒྲེང་འཛུགས་བྱས་འཇུག་མེད།
དཔལ་ལྡན་སྲིད་སྐྱོང་མཆོག་གིས་བསམ་ན། གནད་དོན་དེའི་ཐད་རྒྱ་གར་གཞུང་གིས་འཐབ་ཇུས་ཇི་འདྲ་ཞིག་བེད་སྤྱོད་གཏོང་དགོས་པ་རེད་དམ།

དཔལ་ལྡན་སྲིད་སྐྱོང་མཆོག་གིས།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་རང་རྒྱ་གར་གྱི་བུ་ཡིན་ཞེས་དུས་རྟག་ཏུ་སྤོབས་པའི་ངང་ནས་གསུང་གི་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་བྷ་རཀ་ཨོ་བྷ་མ་ Barack Obama མཆོག་དང་ལྷན་མཇལ་འཕྲད་གནང་སྐབས་སྐར་མ་ ༢༥ རིང་རྒྱ་གར་གྱི་དཔལ་ནཱ་ལེནྜའི་རིག་གཞུང་སོགས་ཀྱི་གལ་གནད་སྐོར་བཀའ་སློབ་སྩལ་ཡོད། ཇི་སྲིད་བོད་ཀྱི་གནད་དོན་གསལ་མ་ཐུབ་པར་དེ་སྲིད་རྒྱ་གར་ནག་དབར་གྱི་ས་མཚམས་རྩོད་རྙོག་སེལ་མི་ཐུབ།

སོ་ནི་ཡ་སིངྒ་ལགས་ཀྱིས། ད་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་གྱི་སྲིད་འ
ཛིན་མོ་དི་མཆོག་གཉིས་གཞུང་འབྲེལ་མཇལ་འཕྲད་གནང་མེད། གལ་ཏེ་མགོན་པོ་གང་ཉིད་མཆོག་དང་མོ་དི་མཆོག་མཇལ་འཕྲད་གནང་བ་ཡིན་ན། རྒྱ་ནག་ཕྱོགས་ནས་རྣམ་འགྱུར་ཅི་ཞིག་སྟོན་རྒྱུ་ཡིན་ན། དཔལ་ལྡན་སྲིད་སྐྱོང་མཆོག་ང་ཚོའི་ལས་རིམ་ནང་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུ།།

Share with your friends










Submit